གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི​་གསར་འགྱུར།

 གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་གསར་འགྱུར།

   ངེད་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི2019ལོའི་སློབ་སྐབས་དང་བོ་དེ་སྤྱི་ལོ2019ལོའི་ཟླ3པའི་ཚེས17ཉིན་འཚོགས་ཤིང་། སློབ་འགོ་གསར་ཚུགས་ཀྱི་ཉིན་འདིར་སློབ་གཙོ་དཔའ་ལུང་ཤེས་རབ་དང་སློབ་གྲྭའི་ལྷ་བཟོའི་སྣེ་ཁྲིད་དགེ་རྒན་ནམ་བོད་ཀྱི་ལྷ་རིས་ཆེད་མཁས་པ་དང་དེང་རབས་རི་མོའི་ལག་རྩལ་ཆེད་མཁས་པ་གྲགས་ཅན་གསེར་བྲག་དོན་འགྲུབ་ཚེ་བརྟན་དང་། ལྷ་རིས་ཆེད་ཞུས་དགེ་རྒན་ལྷ་མོ་དོན་གྲུབ་སོགས་ཀྱིས་སློབ་གྲྭའི་སློབ་ཁྲིད་དང་སྒྲིག་ལམ་སོགས་ཀྱི་ཐད་ལ་ཆེད་དུ་གྲོས་ཚོགས་བསྡུས་ཏེ། སློབ་གཙོ་དང་དགེ་རྒན་རྣམས་ཀྱིས་སློབ་གྲྭའི་འཕེལ་རྒྱས་དང་སློབ་མའི་སློབ་སྦྱོང་གི་སྦྱང་འབྲས་འབུར་ཐོན་དུ་གཏོང་བར་གྲོས་བསྡུར་བྱས་པར་མ་ཟད།ཚོགས་ཐོག་ཏུ་སློབ་གཙོ་དཔའ་ལུང་ཤེས་རབ་ལགས་ཀྱིས་སློབ་གྲྭའི་དགེ་རྣམས་ལ་ནན་གྱིས་སྐུལ་དོན། རང་རེའི་སློབ་གླིང་འདི་ནི་སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་དང་རི་མོ་ཆེད་མཁས་པ་གསེར་བྲག་དོན་འགྲུབ་ཚེ་བརྟན་སོགས་ངེས་དོན་གྱི་དགེ་རྒན་དམ་པ་རྣམ་པའི་ཐུགས་བཀོད་ལྟར་བཙུགས་པ་ཡིན་ཞིང་། དེ་ཡང་གཙོ་བོ་ལྷ་རིས་དང་མགར་བཟོའི་སྒྱུ་རྩལ་སོགས་བོད་ཀྱི་ཐུན་མིན་རིག་གནས་ལས་རིགས་ལག་རྩལ་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན་པས།  དགེ་རྒན་རྣམས་ཀྱིས་ཀྱང་སློབ་མ་རྣམས་སྐྱེད་སྲིང་ལེགས་པོ་བྱས་ནས་མ་འོངས་པར་སློབ་གྲྭ་འདི་ནས་སློབ་མཐར་ཕྱིན་པའི་སློབ་མ་རྣམས་ངེས་པར་དུ་རང་རང་གི་ཆེད་ལས་ལག་རྩལ་ལ་བྱང་ཆ་དོད་པོ་ཅན་ཞིག་བྱེད་དགོས་ཚུལ་དང་། ལྷ་རིས་དང་མགར་བཟོ་སོགས་ཀྱི་ཆེད་སྦྱོང་གཙོ་བོ་དེ་དག་གི་ཁར་ད་དུང་བོད་རྒྱ་རྩིས་གསུམ་དང་གློག་ཀླད་སོགས་ཀྱི་སློབ་ཐུན་ཡང་ཟུར་དུ་བཀོད་སྒྲིག་བྱས་ཏེ་བསླབ་བྱའི་དགེ་རྒན་བསྐོ་བཞག་གནང་།

   ཚོགས་འདུ་གྲོལ་རྗེས་སློབ་གཙོ་དང་དགེ་རྒན་རྣམས་ཀྱིས་སློབ་མ་དང་སློབ་གྲྭའི་ལས་བཟོ་བ་ཡོངས་ལ་སློབ་སྟོན་བླ་མེད་གནང་ཞིང་། ཞོར་དུ་སློབ་གྲྭ་སྤྱིའི་ལྷ་རིས་སྒྱུ་རྩལ་གྱི་སྣེ་ཁྲིད་དགེ་རྒན་གསེར་བྲག་དོན་འགྲུབ་ཚེ་བརྟན་ལགས་ཀྱིས་ལྷ་བཟོའི་སྒྱུ་རྩལ་གྱི་རིན་ཐང་དང་འབྲི་ཐབས་སོགས་རགས་ཙམ་གསུངས་ཏེ་སློབ་འགོ་གསར་ཚུགས་ཀྱི་ཉིན་མོ་བཀྲ་ཤིས་སྨོན་ཚིག་དང་བཅས་ཏེ་མཇུག་སྒྲིལ།

གསལ་བཤད། ངེད་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གློང་གིས་ད་རུང་ཡང་སློབ་མ་འགའ་བསྡུ་རྒྱུ་ཡིན་པས། སློབ་གླིང་དུ་ཞུགས་འདོད་པའི་སློབ་མ་རྣམས་འཕྲལ་དུ་ཕེབས་རོགས། འབྲེལ་གཏུགས་ཁ་པར། 18297044544


ལྷ་རིས་པ་གསེར་བྲག་དོན་འགྲུབ་ཚེ་བརྟན་ལགས་ཀྱིས་ཐང་གའི་ཐིག་རྩའི་ཕྱོགས་ནས་དཔེ་ཁྲིད་གནང་བཞིན་པ། 


མཉམ་པར། 

སྤྱི་ལོ2019ལོའི་ཟླ3པའི་ཚེས17ཉིན།  

གསར་འགོད་པ།  གཟི་མིག་ཁྲ་ཁྲ།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2019-03-19 ལྟ་ཀློག (4777)