རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལ་མཚོ་སྔོན་གྱི་འཇོན་ཐང་ཅན་གྱི་མི་སྣའི་བྱ་དགའ་ཐོབ།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལ་མཚོ་སྔོན་གྱི་འཇོན་ཐང་ཅན་གྱི་མི་སྣའི་བྱ་དགའ་ཐོབ། 

གསར་འགོད་པ།  གྱི་ལིང་འཇིགས་མེད། 

      སྤྱི་ལོ་2019ལོའི་ཟླ་1ཚེས་25ཉིན་གྱི་ཕྱི་དྲོར་མཚོ་སྔོན་གྱི་དཔལ་འབྱོར་ལ་ཁ་ལོ་བསྒྱུར་བའི་འཇོན་ཐང་ཅན་གྱི་མི་སྣ་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་དེ་གནའ་མཁར་ཟི་ལིང་ནས་གཟབ་རྒྱས་ངང་འཚོགས་ཏེ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དབུ་བཞུགས་རྒན་པ། གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་སྤྱི་ཁྱབ་ལས་འཛིན་པ། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ཕྱག་འདེབས་མཁན། མཚོ་སྔོན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་སོགས་དུས་རབས་གསར་བའི་མཚོ་སྔོན་གྱི་དཔལ་འབྱོར་ཁ་ལོ་སྒྱུར་མཁན་འཇོན་ཐང་ཆེ་བའི་མི་སྣ་ལ་བྱ་དགའི་རྟགས་མ་སྤྲད། 

   བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་འཁོར་བའི་དུས་ཆེན་སྐབས་ཞིང་ཆེན་ཨུད་ཡོན་དང་། ཞིང་ཆེན་སྲིད་གཞུང་། རིམ་པ་སོ་སོའི་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་ཆེད་དུ་དུས་རབས་གསར་བའི་མཚོ་སྔོན་གྱི་དཔལ་འབྱོར་ལ་ཁ་ལོ་སྒྱུར་བའི་འཇོན་ཐང་ཅན་འདེམས་པའི་བྱ་འགུལ་ཞིག་དྲ་ལམ་ནས་སྤེལ་ཅིང་། བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་ཤེས་ཡོན་པ་དང་དེ་བཞིན་ཞིང་འབྲོག་མང་ཚོགས་བཅས་ཀྱིས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་དང་ཡིད་ཆེས་བླ་མེད་གནང་བའི་བཀའ་དྲིན་འོག་སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ལ་ཨང་དང་བོའི་འདེམས་ཤོག་ཐོབ་པས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ། གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་། དེ་བཞིན་མཚོ་སྔོན་གྱི་ཚོང་ལས་ཡར་སྐུལ་ཚོགས་པ་སོགས་སྡེ་ཁག་མང་བོས་སེམས་འགུལ་ཐེབས་པའི་ངང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཞུས། 

    མདོ་སྨད་ཀླུ་ཚང་དགོན་པའི་རབ་བྱུང་བ་ཞིག་གིས་བཤད་རྒྱུར། ང་ཚོའི་དགོན་པ་ན་ཨ་ཁུ་རྒན་པ་ཞིག་ཡོད། ཁོང་ནམ་རྒྱུན་དྲ་ལམ་དུ་ཞུགས་རྒྱུར་མི་དགའ་ཞིང་སྤྱི་ཚོགས་ཀྱི་བྱ་འགུལ་སྣ་ཚོགས་ལ་སྤྲོ་སྣང་ཅན་ཞིག་མིན་མོད། འོན་ཀྱང་ཁོང་གིས་སྐབས་དེར་ང་བཙལ་ནས་ཡོང་སྟེ་ཐེངས་གཉིས་ལ་སྒོར་བཅུ་ཕྲག་དུ་མ་བྱིན་ཏེ་ཁོང་གི་ཚབ་ཏུ་དགེ་རྒན་འཇིགས་མེད་རྒྱལ་མཚན་ལ་འདེམས་ཤོག་འཕེན་དུ་བཅུག་པར་མ་ཟད་ད་དུང་ཨ་ཁུ་འཇིགས་མེད་རྒྱལ་མཚན་ལ་འདེམས་ཤོག་མི་འཕེན་ན་སུ་ལ་འཕེན། ཚང་མས་ཁོང་ལ་རྒྱབ་སྐྱོར་བྱོས་ཟེར་ཞེས་པའི་སྐད་ཆ་ཞིག་ཐོས་པས་བོད་ཁུལ་ཡོངས་སུ་ཨ་ཁུ་དེ་དང་དེ་ལྟ་བུ་ཇི་འདྲའི་མང་བོ་ཞིག་གིས་དངོས་ཤུགས་བརྒྱུད་གསུམ་ན་རྒྱབ་སྐྱོར་བྱས་ཡོད་ཨང་བསམ་ན་ང་ཚོའི་སེམས་སུ་དྲོད་འཁོལ་ཞིག་དང་སྙིང་སྟོབས་ཤིག ད་དུང་རེ་བ་ཞིག་བཅས་འགྲན་པ་བཞིན་སྐྱེ་ཡོང་བས། འདིར་ཡང་དང་བསྐྱར་དུ་ཐེངས་འདིར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་ཡོངས་ལ་དཀྱུས་གཅིག་ཏུ་ཐུགས་རྗེ་ཆེ་ཞུས་པ་ཡིན། 

མཚོ་སྔོན་ཞིང་ཆེན་གྱི་འཇོན་ཐང་ཅན་གྱི་མི་སྣའི་མཉམ་པར། 

ཚོགས་འདུའི་ཡུལ་ངོས། 

དུས་རབས་གསར་བའི་མཚོ་སྔོན་གྱི་དཔལ་འབྱོར་ཁ་ལོ་སྒྱུར་མཁན་འཇོན་ཐང་ཆེ་བའི་མི་སྣའི་བྱ་དགའི་རྟགས་མ།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2019-01-28 ལྟ་ཀློག (3897)