རྩོམ་པ་པོའི་མཐར་ཐུག་གི་འཚོལ་སྙེག

རྩོམ་པ་པོའི་མཐར་ཐུག་གི་འཚོལ་སྙེག


རྩོམ་པ་པོ། ལིའུ་ཆེན་ཞོན།

ཡིག་སྒྱུར་བ། དབལ་དགུ་གཟི།
    གལ་ཏེ་ཚེ་སྔོན་གྱི་ལས་ཤིག་ཡིན་ཡང་སྲིད་ལ།  དེང་མ་བྱིས་དུས་ནས་ང་རང་རྩོམ་པ་པོ་ཞིག་བྱ་རྒྱུ་ཡིན་ཞེས་བཤད་མྱོང། དེ་ནི་ཕལ་ཆེར་ཚེ་རབས་སྔོན་མ་ཞིག་ནས་བསགས་པའི་འབྲས་བུ་ཡིན་ལ་རྒྱུ་ཡོད་པས་རང་ཤུགས་ཀྱིས་ཡལ་འདབ་རྒྱས་ཤིང་རྩོམ་འབྲིའི་ལམ་བུ་ཡང་སྔོན་དཔག་བྱ་ཆོག་པར་ཤེས།
    འོན་ཀྱང་སྔོན་དཔག་གི་རྩོམ་འབྲིའི་ལམ་བུ་ནི་བརྩམས་ཆོས་གང་མང་མངོན་འགྱུར་དུ་སྟོན་ཐུབ་པ་ཞིག་མིན་ཏེ་བརྩམས་ཆོས་རེ་རེ་དང་དཔེ་དེབ་རེ་རེར་བསམ་ཡུལ་ལས་འདས་པའི་གནས་ཤིག་ཡོད་ལ་དེ་ནི་དུས་ཚོད་ངེས་ཅན་ཞིག་གི་བསམ་བློ་དང་བརྩེ་དུང་།  ལྟ་བ་དང་རིག་པ་ཀློང་དུ་རྡོལ་བ་དག་བསྲེས་པའི་མཇུག་འབྲས་སུ་གྲུབ། གལ་ཏེ་དུས་ཚོད་ཅིག་འགྱུར་བའམ་ཁོར་ཡུག་ཅིག་བརྗེས་པ་ཡིན་ན་རྩོམ་གཤིས་ཀྱང་ངང་གིས་འགྱུར་འགྲོ།
    འདི་ཅིའི་ཕྱིར་རྩོམ་རིག་ལ་མེད་དུ་མི་རུང་བའི་ཡན་ལག་ཏུ་གྲུབ་པ་རེད་ཅེ་ན།  ལོ་ཉི་ཤུ་ཅན་ལ་ཉི་ཤུ་ཅན་གྱི་ཚུགས་ཀ་དང་ལོ་བཞི་བཅུ་ཅན་ལ་བཞི་བཅུ་ཅན་གྱི་ཚུགས་ཀ་ཡོད། རྩོམ་ཡིག་གིས་གསལ་བོར་བསྟན་བྱ་ནི་མཇུག་སྡོམ་གཅིག་པུ་མ་ཡིན་པར་གོ་རིམ་རེ་རེ་བཞིན་དུ་ཧ་ཅང་གལ་ཆེ།
      རྩོམ་ཡིག་ནི་ལོ་རེ་བཞིན་དུ་རབ་རིབ་ཀྱི་ངང་ནས་འགྱུར་བཞིན་ཡོད་ལ། གལ་ཏེ་ལོ་བཅུ་ཡི་རྗེས་ནས་ཕྱིར་ལྟ་ཞིག་བྱས་ན་བགྲང་བྱ་བཅུ་བོ་ནི་ཕལ་ཆེར་ཁྱད་ཆོས་དང་ནང་དོན་སོ་སོར་གྲུབ་པའི་འགྱུར་ལྡོག་ཅིག་ལ་བརྩི་ཆོག
    ང་རང་རྩོམ་འབྲིའི་ལམ་ལ་ཞུགས་ནས་མི་ལོ་བཞི་བཅུ་བརྒལ་ཞིང་མ་མཐའ་ཡང་འགྱུར་ལྡོག་བཞི་ཡི་གོ་རིམ་བརྒྱུད་མྱོང་སྟེ་འཆར་ཡན་རིང་ལུགས་པ་ལས་༼ལྟོས་མེད་ཀྱི་དུང་བརྗོད༽ཕུགས་བསམ་རིང་ལུགས་པ་རུ་འགྱུར་ཞིང་༼མི་ཚེ་ཕྲེང་བརྒྱུད་ཀྱི་ནང་བསྟན་གྱི་ཕུན་ཚོགས་ལ་སྙེག་པ༽། དེ་ནས་རིམ་བཞིན་དུ་གཞི་གྲུབ་རིང་ལུགས་ལ་སྤོས་ཤིང་༼མིའི་མཐར་ཐུག་གི་གཏན་ཁེལ་གྱི་གནས་གཞི༽མཇུག་མཐར་རང་དབང་རིང་ལུགས་ལ་ཁ་ཕྱོགས་ཏེ་༼རྩོམ་འབྲིིའི་བཀག་རྒྱ་གཏོར་བ༽།
     བསམ་ཡུལ་ལས་འདས་པའི་གནས་ལས་འགྱུར་བ་ཧ་ཅང་མང་ལ་ཞིབ་ཀྱིས་བཙལ་ན་དེའི་ཁྲོད་ནས་གནད་དོན་འགའ་ཞིག་རྙེད་སྲིད། ང་ཚོས་བརྟན་ཚུགས་ཅན་གྱི་མི་ཚེ་ཞིག་ལ་འབད་དགོས་ཀྱང་རྩོམ་ཡིག་དག་དེ་ལྟར་བཞག་ན་རྩོམ་པ་པོའི་མཐར་ཐུག་གི་འཚོལ་བསྙེག་ལོག་ལམ་དུ་འཆོར་ངེས།

      རྩོམ་པ་པོའི་མཐར་ཐུག་གི་འཚོལ་བསྙེག་ཅི་ཞིག་རེད་ཅེ་ན། ཕྱི་ནས་རྒྱུན་མ་ཆད་པར་ཚེ་སྲོག་གི་ཡང་རྩེ་རུ་བསྙེག་ཅི་ཐུབ་བྱེད་ཅིང་ནང་ནས་སེམས་ཀྱི་ཆེས་ཟབ་སའི་ཚོར་བར་རེག་ཅིང་སྐྱིད་སྡུག་གི་ཁ་དོག་ལ་འཐམས་ཏེ་ཚེ་སྲོག་གི་ཡང་རྩེ་དང་ཆེས་ཟབ་སའི་ཚོར་བ་ཟུང་ལྷན་དུ་བསྡེབས་ཏེ་རྒྱུན་མ་ཆད་པར་ཀློག་པ་པོའི་མིག་སྔར་བཀྲམས་ནས་མི་ཚེའི་ཕུན་ཚོགས་དང་མཛེས་སྡུག་གི་ཕྱོགས་ལ་མཉམ་དུ་ཆས་འགྲོ།         

རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2019-01-10 ལྟ་ཀློག (3739)