ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་ཆེན་ཐེངས་ལྔ་བ་འཚོགས།


       སྤྱི་ལོ་༢༠༡༩ལོའི་ཟླ༡ཚེས༡ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་༢༠༡༨ལོའི་བྱ་བའི་སྤྱི་བསྡོམས་དང་རྒྱུན་ལས་ཚོགས་ཆེན་མགོ་ལོག་རྭ་རྒྱའི་རྒྱུད་འགོ་གྲོང་བརྡལ་གྱི་བོད་པའི་ཟས་ཇ་ཁང་དུ་གཟབ་རྒྱས་ངང་འཚོགས།

      ཚོགས་ཐོག་ཏུ་དགེ་རྒན་རིན་པོ་ཆེ་འཇིགས་མེད་རྒྱལ་མཚན་མཆོག་དབུ་བཞུགས་ཐོག་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་འཛིན་གྲྭ་སོ་སོའི་རྒྱུན་ལས་འཐུས་ཚབ་པ་ཉི་ཤུ་ལྷག་མཉམ་ཞུགས་གནང་།

       ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཙོ་འོད་ཟེར་བཟང་བོ་ལགས་ཀྱིས་ཐོན་མིའི་སློབ་ཚོགས་ཀྱི་སྤྱིའི་བྱ་བའི་གནས་ཚུལ་དང་འཆར་གཞི་ངོ་སྤྲོད་བྱས།

       རྒྱུན་ལས་ཚོགས་གཙོ་ཁཱ་ཤེས་རབ་རྒྱ་མཚོས་སློབ་གྲྭའི་རྒྱ་བོད་དབྱིན་གསུམ་གྱི་དྲྭ་ཚིགས་ཀྱི་སྐོར་དང་ཤེས་རིག་དཔར་ཁང་གི་གྲུབ་འབྲས། ད་དུང་རྭ་རྒྱའི་བཀའ་འགྱུར་ཆེན་མོ་པར་སྐྲུན་གྱི་ལས་གཞི་ངོ་སྤྲོད་དང་འབྲེལ་ནས་བསམ་ཚུལ་ལྷུག་བརྗོད་གནང་།

      དྲུང་ཡིག་པ་ཆེན་མོ་འབའ་སྣང་གྲོལ་ལགས་ཀྱིས་ཐོན་མིའི་སློབ་ཚོགས་ཀྱི་བྱ་བའི་བསམ་ཚུལ་དང་འབྲེལ་ནས་སློབ་ཚོགས་ཀྱི་རྩིས་ཐོ་གསལ་བསྒྲགས་དང་ངོ་སྤྲོད་ཞིབ་མོར་བྱས་རྗེས་འཛིན་གྲྭ་སོ་སོའི་རྒྱུན་ལས་རྣམས་ཀྱིས་རྩིས་ཐོ་ཞིབ་བཤེར་བརྒྱུད་པར་མིང་རྟགས་བཀོད།

       དྲུང་ཡིག་པ་བན་ཤུལ་འཇམ་དབྱངས་ལགས་ཀྱིས་ལོ་འགའི་སློབ་ཚོགས་ཀྱི་ལས་རིམ་གྲུབ་འབྲས་ཁག་ངོ་སྤྲོད་ཞིབ་རྒྱས་བྱས་པར་ཚོགས་ཞུགས་རྒྱུན་ལས་ཡོངས་ལ་ཡིད་ཆེས་དང་ཕྱོགས་གང་མང་ནས་བློ་སྤོབས་ཐོབ།

    ཚོགས་ཞུགས་རྒྱུན་ལས་རྣམས་ཀྱིས་ཀྱང་རང་རང་གི་བསམ་ཚུལ་སྦ་གསང་མེད་པར་བརྗོད་ནས་སློབ་ཚོགས་ཀྱི་ལས་དོན་མང་བོ་ཞིག་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་གླེང་སློང་གནང་སྟེ་སློབ་ཚོགས་ཀྱི་ལས་དོན་ཆེ་ཕྲ་མང་བོ་ཞིག་ལ་གྲོས་འཆམ་བྱུང་།

      དགེ་རྒན་རིན་པོ་ཆེ་མཆོག་གིས་ཐོན་མིའི་སློབ་ཚོགས་ཀྱི་ཕྱོགས་ཡོངས་ནས་ལམ་སྟོན་བསླབ་བྱ་གལ་ཆེན་གནང་ཞིང་།  ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཞོན་མགོན་པོ་རྡོ་རྗེ་བྱ་བའི་གནས་ཚུལ་གྱི་དབང་གིས་དགོངས་ཞུ་བྱས་པ་བཞིན་ཚབ་ཏུ་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་འཇིགས་མེད་རྡོ་རྗེ་བདམས་ཐོན་བྱུང་།

     མཐར་རྒྱུན་ལས་དམ་ཆོས་ཕུན་ཚོགས་དང་ཚེ་རིང་ཉི་མ།  བསོད་ནམས་ཚེ་རིང་།  དོན་གྲུབ་རྒྱལ།  བསྟན་པ་རྒྱ་མཚོ་བཅས་ལ་བཀའ་དྲིན་མཚོན་བྱེད་ཀྱི་བྱ་དགའ་སྤྲད་དེ་ཚོགས་འདུ་བདེ་བླག་ངང་མཇུག་བསྡུས་སོ། །


དགེ་རྒན་རིན་པོ་ཆེས་གསུང་བཤད་གལ་ཆེན་གནང་བཞིན་པ།


དགེ་རྒན་རིན་པོ་ཆེས་ཐོན་མིའི་སློབ་ཚོགས་ཀྱི་རྩིས་ཐོ་ལ་ཞིབ་གཟིགས་གནང་བཞིན་པ།


མཐར་ཕྱིན་འཛིན་གྲྭ་སོ་སོའི་རྒྱུན་ལས་འཐུས་ཚབ་པ་རྣམས་ཀྱིས་རྩིས་ཐོ་ཞིབ་བཤེར་བྱེད་བཞིན་པ།


ཚོགས་རའི་ཟུར་ངོས་ཤིག


གསར་དུ་བདམས་ཐོན་བྱུང་བའི་ཚོགས་གཞོན་འཇིགས་མེད་རྡོ་རྗེ་དང་དགེ་རྒན་རིན་པོ་ཆེའི་མཉམ་པར།


རྒྱུན་ལས་དམ་ཆོས་ཕུན་ཚོགས་ལ་བྱ་དགའ་གནང་བཞིན་པ།


ཚེ་རིང་ཉི་མས་མཐུན་གཉེར་ཁང་གི་རྩིས་གཉེར་ཕྱོགས་ལ་རོགས་འདེགས་བྱས་པར་བཀའ་དྲིན་མཚོན་བྱེད་ཀྱི་བྱ་དགའ་ཕུལ་བ།


ཤེས་རིག་དཔར་ཁང་གི་ཕུལ་བྱུང་ལས་བཟོ་བ་དོན་གྲུབ་རྒྱལ་ལ་བྱ་དགའ་སྤྲད་པ།


བསོད་ནམས་ཚེ་རིང་ལ་བྱ་དགའ་སྤྲད་པ།


ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྣམ་པའི་མཉམ་པར།


རྒྱུན་ལས་ཚོགས་ཆེན་ཐེངས་ལྔ་བའི་དགེ་སློབ་ལྷན་འཛོམས་ཀྱི་མཉམ་པར།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2019-01-01 ལྟ་ཀློག (5342)