མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པའི་འཇུག་ངོགས་ལས།

མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པའི་འཇུག་ངོགས་ལས། བརྒྱད་པ།

བརྒྱད་པ།  དབུས་གཙང་ཁུལ་དུ་སངས་རྒྱས་བསྟན་པའི་མཛད་པ་སྤེལ་བའི་སྐོར།


    དེ་ལྟར་ཇོ་བོ་རྗེ་དབུས་གཙང་དུ་འབྱོན་པར་ཉེ་བ་ན།     འབྲོམ་སྟོན་པས་སྔོན་ནས་དབུས་ཀྱི་མི་ཆེན་རྣམས་ལ། ངེད་ཀྱིས་ཇོ་བོ་རྗེ་དབུས་སུ་གདན་ཅི་འདྲོང་བྱེད།  ཡི་གེ་བྱུང་ན་ཁྱེད་རྣམས་འཕྲལ་དུ་ཕེབས་བསུ་ལ་འོངས་དགོས་ཞེས་གསུངས་ཡོད་པ་ལྟར་ཀ་བ་ཤཱཀྱ་དབང་ཕྱུག་ལ་སོགས་པའི་ དབུས་སྟོན་རྣམས་འཕྲལ་དུ་ཇོ་བོ་རྗེ་ཕེབས་བསུ་ལ་ཤོག་  ཅེས་པའི་ཕྱག་བྲིས་གནང་བ་དང་ཇོ་བོ་རྗེ་སྟོན་འཁོར་དབུས་གཙང་དུ་བྱོན་པའི་ཆིབས་ཞལ་བསྒྱུར་ཏེ་བྱོན་ཏོ༎

 ཀ་བས་དབུ་མཛད་བོད་སྟོན་རྣམས་ཕེབས་བསུ་ལ་ཆས་པ་ན།ཁུ་སྟོན་གྱིས་ངའི་མིང་མི་འདུག་གསུངས་པར། སོགས་ཁོངས་ན་འདུག་ཞུས་པས། སོགས་ཁོངས་སུ་འཇོག་འོས་པའི་མི་དེ་ང་མིན་ ཞེས་གསུངས་ནས་སྔོན་ལ་བྱོན་པས་ཐམས་ཅད་འུར་ལང་པ་ལྟར་ཕེབས་བསུར་བྱོན། དེའི་ཚེ་བོད་སྟོན་རྣམས་ཀྱིས་བོད་ཀྱི་བླ་ཆེན་གྱི་ ཆ་བྱད་ཐང་ཞྭ་དང། རྟ་ཕྱིང་སོགས་གྱོན་ནས་ཕེབས་པས་ཇོ་བོ་རྗེས་རྒྱང་ནས་གཟིགས་མ་ཐག་བོད་ཀྱི་འདྲེ་མང་པོ་སླེབས་བྱུང་ཞེས་དབུ་བཏུམས་ནས་བཞུགས། དེ་ནས་བླ་ཆེན་རྣམས་རྟ་ལས་བབས་ཏེ་ཆོས་གོས་རྣམ་གསུམ་བཞེས་གསེར་འཕྲེང་མཛད་ནས་ཕེབས་པས་ཇོ་བོ་རྗེས་ཀྱང་མཉེས་ནས་ཕྱག་ལེན་མཛད།  ཇོ་བོ་རྗེས་རྒྱ་གར་གྱི་རབ་ཏུ་བྱུང་བ་ལས་བོད་ཀྱི་རབ་ཏུ་བྱུང་བ་ན་བཟའ་བཟང་བ་འདུག་གསུངས།  དེ་ནས་དཔལ་མོ་དཔལ་ཐང་ལ་འབྱོན་སྐབས་དབང་ཕྱུག་རྒྱན་མཚན་ཞེས་པ་བལ་པོ་ཕམ་མཐིང་བའི་སར་འབྱོན་པ་དང་མཇལ། དཔལ་ཁུད་ཐང་དུ་མར་པ་ལོ་ཙཱ་བ་རྒྱ་གར་དུ་རྟིང་མ་ཕེབས་པ་དང་མཇལ།   མར་པས་ཇོ་བོའི་ཞབས་སྤྱི་བོར་བླངས་ཏེ་ཆོས་ཞུས། ཇོ་བོ་རྗེས་ངའི་ལོ་ཙཱ་ལ་འགྲོ་གསུངས་པས། ད་རེས་ཅིས་ཀྱང་རྒྱ་གར་དུ་ཕྱིན་ཆོག་པ་དགོས་སླར་མཇལ་ཆོག་པ་ཞུ་ཞེས་ཞུས།  ལ་སྟོད་བྱང་ནས་ཕེབས་སྐབས་མདོག་ཚེ་སྣར་བྱོན་ནས་གང་ཟག་གཅིག་གིས་ཅིག་ཅར་འཇུག་པའི་ངོར་དོ་ཧ་གསུངས་པ་བོད་དུ་འདི་མི་ལེགས་ཞུས་ནས་བཀས་བསྡམས། དེ་ནས་བཟང་གཞོན་ནུ་འབར་གྱིས་མང་སྒར་དུ་སྤྱན་དྲངས།  དེར་ཇོ་བོ་རྗེའི་བཞུགས་ཁྲི་ཡང་ཡོད་པར་གྲགས། བྱང་ཆུབ་ཕྱོགས་ཀྱི་བཤད་རྒྱུད་སྒྲུབ་རྒྱུད་གཉིས་ཀ་མངའ་བ་ཡིན་གསུངས། དེ་ནས་རིམ་གྱིས་ཕེབས་ཏེ་ས་སྐྱའི་ཐད་དུ་ཕེབས་པ་ན། ས་སྐྱ་ལ་ཕྱག་མཛུབ་གཏད་དེ་གནས་འདིར་འཇམ་དབྱངས་ཀྱི་སྤྲུལ་བ་བདུན་འབྱུང་ངོ་ཞེས་ལུང་བསྟན།  འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་མྱུ་གུ་ལུང་དུ་སྤྱན་དྲངས།  ལེང་ལོ་ཙཱ་བས་ས་སྙིང་ལྷ་ཁང་ལ་གདན་དྲངས་པས་དེར་རབ་གནས་མཛད།  སེ་སྟོན་སྒྲ་གཅན་འཛིན་གྱིས་ཉི་མ་བདུན་རིང་རྗེས་སུ་འབྲང་ནས་དབུ་མའི་ལྟ་བ་སོགས་དྲི་བ་ཞུས།

 དེ་ནས་ཤབ་སྒོ་ལྔ་ནས་ཕེབས་པའི་ཚེ། འཁྲིན་གྱི་བྲག་ལུང་ན་ཟགས་དཀར་མཛོད་ཕུར་བཞུགས། དེའི་ཉེ་འགྲམ་དུ་བྱང་ཆུབ་སེམས་དཔའི་སྦྱོར་ལམ་དྲོད་ཐོབ་པ་ཞིག་བཞུགས་འདུག་གསུངས་ནས་ཕྱག་མཛད། དེ་ནས་རིམ་གྱིས་ཕེབས་ཏེ་སྣར་ཐང་གི་ཐད་དུ་ཕེབས་པ་ན་གནས་འདིར་འཕགས་པའི་གནས་བརྟན་གྱི་སྤྲུལ་པ་འབྱུང་ཞེས་ལུང་བསྟན་མཛད།   དེ་ནས་ཞོགས་པ་ལ་རྒྱུད་ནས་ཞ་ལུ་རི་ཕུག་ཏུ་བྱོན། དེ་རྗེས་འཚོང་འདུས་སུ་བྱོན། སྐབས་དེར་ཀེག་སྟོན་ཆེན་པོས་སྤྱན་དྲངས་ཏེ་ཤངས་ཀྱི་བྱེ་ཕུག་ཏུ་བྱོན་ནས་ཤེས་རབ་འགྲེལ་ཆུང་གསུངས།   དེ་ནས་མྱང་སྟོད་ཉན་ཚོར་སྤྱན་དྲངས་ཏེ་དབྱར་གནས་མཛད་དེ་དབྱར་ཟླ་གསུམ་ཙམ་བཞུགས།  དད་ལྡན་མང་པོར་ཆོས་མང་དུ་གསུངས།

  དེར་ཇོ་བོ་རྗེའི་བཞུགས་ཁྲི་ཡང་ཡོད། ཇོ་བོ་རྗེར་གསོལ་ཆས་ཀྱང་འབྲས་ཁོ་ན་འབུལ་བ་སོགས་བསྙེན་བཀུར་གང་ལེགས་ཞུས། ཚོགས་ཆོས་སུ་ཕ་རོལ་ཏུ་ཕྱིན་པ་གསུངས།   ལྐོག་ཆོས་སུ་དགེ་བཤེས་ཡོལ་ཆོས་དབང་དང་། ཡོལ་དྲང་སྲོང་། ཡོལ་ཐོག་འབེབས། སྐུ་མཆེད་ལ་སོགས་པར་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་ཆོས་སྐོར་མང་དུ་གསུངས་པས་ཟླ་བ་དྲུག་ནས་སྤྱན་རས་གཟིགས་བཅུ་གཅིག་ཞལ་དང་རྟ་མགྲིན་གཉིས་ཞལ་གཟིགས། དགེ་བཤེས་ སྟོན་པས་བྱ་སླ་ལ་བྱིན་རླབས་ཆེ་བ་ཞིག་ཞུས་པས། སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་གདམས་པ་གསུངས། ལོ་ཙཱ་བས་མཐུ་ཆེ་བ་ཞིག་ཞུས་པས་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་གསུངས།  ཡང་སྒྲུབ་ཐག་ཉེ་བ་ཞིག་ཞུས་པས་སྒྲོལ་མ་གསུངས། དེའི་དུས་སུ་རྣལ་འབྱོར་བ་ཆེན་པོ་ཨ་མེས་བྱང་ཆུབ་མདོ་ཁམས་སྨད་དུ་འཁྲུངས། ནར་སོན་པ་ན་མས་ཁྱོད་རབ་ཏུ་བྱུང་བའི་དོན་དུ་སྐྱེས་པ་ཡིན་ཟེར་ནས་རབ་ཏུ་བྱུང་། མཁན་པོའི་གཡོག་བྱེད་ཅིང་ཡོད་ཙ་ན་འདིར་མ་སྡོད་དབུས་སུ་སོང་ཟེར་ནས་བསྐུལ་ཏེ་ཉིན་ལམ་གསུམ་ཙམ་གྱི་བར་དུ་བསྐྱལ།  མས་བུ་ཁྱོད་དབུས་སུ་ཕྱིན་ནས་ཡང་དག་པའི་བླ་མ་དང་མཇལ་ཞིང་ཐུགས་ཟིན་ནས་གདམས་པ་དང་རྗེས་སུ་བསྟན་པ་གསུངས་པ་ཚུལ་བཞིན་དུ་བསྒྲུབ་པར་གྱུར་ཅིག དེའི་ཚེ་ང་ཡང་ཁྱོད་ཀྱི་དྲུང་དུ་སྐྱེས་ནས་ངེད་མ་སྨད་གཉིས་ལྷན་ཅིག་ཏུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་སོང་། ཨ་མེས་བྱང་ཆུབ་ཇོ་བོ་རྗེ་དང་མཇལ་བས་དེ་མ་ཐག་དམ་ཚིག་གསུམ་བཀོད་ཀྱི་ཆོས་སྐོར་གནང་སྟེ་དེ་ནས་གཙང་རོང་ནས་མར་བྱོན་པའི་དུས་སུ་ཁང་པ་དོག་པས་གནས་ཁང་བཞུགས་རིགས་པ་མ་རྙེད་པས་རྒྱལ་བ་འབྲོམ་སྟོན་པས་དེའི་ བར་དུ་ཕྱིར་བཞུགས་སུ་གསོལ་ནས་ཁང་པར་གད་དར་གཙང་མ་བྱས།

ཇོ་བོའི་སྤྱན་སྔར་མཎྚལ་ཅིག་ཀྱང་ཕུལ་བས་ཇོ་བོ་མཉེས་ནས་སློབ་མ་ཁྱེད་འདྲ་བ་ཞིག་རྒྱ་གར་ན་ཡང་ཡོད་ན་ཨང་གསུངས།

  ཇོ་བོའི་སློབ་མ་དད་པ་ཅན་འགའ་ཤས་ནས་རྟ་ལ་སོགས་པའི་བསྙེན་བཀུར་ཚད་མེད་ཞུས་པས་ཇོ་བོ་མཉེས་ནས་རབ་ཏུ་བྱུང་རྗེས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་སྒོམ་པ་ཞིག་བྱུང་གསུངས། དེ་ལྟར་གཙང་ཕྱོགས་སུ་ལམ་བར་དུ་ལོ་གཅིག་ཙམ་བཞུགས། དེ་ནས་ཇོ་བོ་རྗེ་འཁོར་བཅས་གན་པ་བྱང་ཐང་ནས་མར་བྱོན་པའི་ཡར་ཀླུང་གཙང་འགྲམ་རྒྱུད་ཕེབས།   དེའི་དུས་སུ་ཇོ་བོའི་ཞལ་ནས་ལྷ་སའི་ནམ་མཁའ་ལ་གཟིགས་ཏེ་འཇའི་གུར་སུམ་བརྩེགས་དང་ལྷའི་བུ་མང་པོས་མཆོད་པ་རྒྱུན་མ་ཆད་པར་བྱེད་ཀྱིན་འདུག  རང་ཅག་ཀྱང་ཡ་གིར་འགྲོ་གསུངས། དེ་ནས་འོན་ཁྲ་སྣ་ནས་མར་འབྱོན་པའི་དུས་ཆུ་བོ་རི་འདི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ཞིག་འདུག་གསུངས། དེ་ནས་འཕྱིང་རུ་ནས་ ཕར་བྱོན་པའི་དུས་སུ་བུ་མོ་ཞིག་གིས་རྒྱན་ཆ་ཐམས་ཅད་ཕུལ་བས་ཕྱིས་ཁྱིམ་དུ་ལོག་ཚེ་བུ་མོའི་ཕ་མས་ཨ་ཙ་ར་འདོད་པ་ཅན་ལ་དེ་ཙམ་ཕུལ་ནས་གང་བྱེད་ཟེར་ནས་འཐབ་པས་བུ་མོ་གཙང་པོར་མཆོངས་ནས་ཤི་བ་ཇོ་བོ་རྗེས་གསན་རྗེས་ཇོ་བོ་རྗེའི་ཞལ་ནས་ངའི་བུ་མོ་སྙིང་རྗེ་གསུངས། གཞུང་སྟག་དཀར་གྱི་གད་ཕུག་ཏུ་ཞག་ལྔ་བཞུགས་ནས་བུ་མོའི་ཆེད་དུ་ངན་སོང་སྦྱོང་བའི་ཆོ་ག་དང་སཱཙ་མཛད་པས་བུ་མོ་ལྷར་སྐྱེས་སོང་གསུངས།

བསམ་ཡས་དགོན།

  དོལ་གྱི་མདར་ལྷ་རྗེ་རགས་བྱ་བའི་ཆུ་རགས་མཛད།  དོལ་གྱི་སྣ་བོའི་ལ་ཁ་ནས་དུང་བུས་པས།   མི་ཐམས་ཅད་བྲོས།    ཕྱུགས་ཐམས་ཅད་ཐག་པ་ཆད་ནས་ཤོར།   ཡུལ་དེར་ཡུར་མའི་དུས་ཡིན་པས།   ཇོ་བོ་རྗེའི་ཞལ་ནས།   བལ་ཡུལ་མཐིལ་འདྲ།  མང་ཡུལ་གྱི་གྲོང་འདྲ་གསུངས་ནས་ཐུགས་མཉེས་པོ་མཛད།   ཇོ་བོ་རྗེས་ཡུལ་འདི་ན་བྱང་ཆུབ་སེམས་དཔའི་རྟགས་མཚན་ཅན་ཞིག་བྱོན་པར་འདུག་ཅེས་རོག་དམར་ཞུར་བ་ལུང་བསྟན།  དགེ་བཤེས་ཨཱ་རྱ་དེ་བས་ཇོ་བོ་སྤྱན་དྲངས།   སྣོན་མདར་ཨཱ་རྱ་དེ་བའི་ལྷ་ཁང་ལ་རབ་གནས་མཛད།  ཇོ་བོ་རྗེས་སྤྱན་རས་གཟིགས་བཅུ་གཅིག་ཞལ་འདི་ལ་རབ་གནས་ཡག་པོ་བྱས་ཡོད་པས་ཉིན་ལྟར་མཆོད་པ་མ་ཆག་པར་བགྱིས་ན་ལེགས་པོ་འོང་གསུངས།   དེ་ནས་གྲྭ་ཕྱི་ཚོང་འདུས་གནས་པོས་སྤྱན་དྲངས་ནས་ལྷ་ཁང་བྲེ་ཙམ་ཞིག་ལ་རབ་གནས་མཛད།   དེའི་ཚེ་ཇོ་བོ་རྗེས་ཆོས་འཁོར་ཆེན་པོ་གང་ན་ཡོད་གསུངས།   རྒྱབ་ཀྱི་རི་སྣ་འདི་ནས་མཐོང་ལགས་ཞུས་པས།  ཐུགས་དགྱེས་ཚོར་ཆེན་པོ་མཛད། བོད་རབ་བྱུང་དང་པོའི་ཆུ་ཕག{1047}ལོར་བསམ་ཡས་སུ་ཕེབས།

བྱང་ཆུབ་ཆེན་པོའི་རྡོ་སྐུ་དེ་མ་ཧཱ་བོ་དྷི་དང་ཁྱད་པར་མི་འདུག་གསུངས།   དེ་ནས་སེམས་བསྐྱེད་བྱང་ཆུབ་གླིང་དུ་བྱོན་པའི་ཚེ།   ཇོ་བོ་རྗེས་སངས་རྒྱས་མ་ཆགས་པདྨའི་སྤྱན་གྱི་ཞལ་གྱི་དཀྱིལ་འཁོར་གྱི་རྡུལ་ཕྱིས་ཤིང་བཞུགས།    དེ་ནས་པེ་ཀར་གླིང་གི་དཀོར་མཛོད་བྱང་ངོས་དེར་བཞུགས།   ནུབ་གཅིག་ཇོ་བོ་རྗེའི་ཞལ་ནས།   སྐྱེས་རབས་ཀྱི་ཕྲེང་རྒྱུད་དེ་སྤྱན་དྲོངས་དང་གསུངས་ནས་མར་མེ་ལ་གཟིགས།    ཅི་མཛད་ཞུས་པས།   ངའི་དད་པ་དེ་ཉམས་ནས་སོང་།       དད་པ་གསོ་དགོས་གསུངས།   དེའི་དུས་སུ་ལྷ་བཙུན་བོ་དྷི་རཱ་ཛས་ཡོན་བདག་མཛད་ནས་རིམ་ལྔའི་ཆོ་ག་མཛད།    དེའི་དུས་སུ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་བསྐྱེད་རྫོགས་དང་ཕྱག་རྡོར་གོས་སྔོན་ཅན་གྱི་སྒྲུབ་ཐབས།   གཞན་ཡང་ཟླ་བ་གྲགས་པས་མཛད་པའི་ཕུང་པོ་ལྔ་དང་སྨན་དཔྱད་ཡན་ལག་བརྒྱད་པ།   མདོ་ཀུན་ལས་བཏུས་པའི་མན་ངག་དང་།   བྱང་ཆུབ་སེམས་ཀྱི་ནོར་བུའི་ཕྲེང་བ།   བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་དུ་བྱས་པ།  འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པ་སོགས་ཇོ་བོ་རྗེ་ཉིད་དང་ནག་ཚོ་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར།    དེ་ནས་ཀ་ཆུར་བྱོན་ཏེ་ཁུ་རྔོག་གཉིས་ཀྱིས་ཞུས་ནས་དབུ་མ་རིགས་ཚོགས་དྲུག་གསུངས།  དེ་ནས་བསམ་ཡས་མཆིམས་ཕུར་དེ་བ་རྭ་ཙ་དང་།   ནཱ་ག་རྭ་ཙ།    འགར་དགེ་བ།  ལོ་ཙཱ་བ་དང་བཞིས་བྲམ་ཟེ་ཆེན་པོའི་གདམས་པ་ཞུས།    དེའི་དུས་སུ་དབང་བསྐུར་གྱི་ཆོ་ ག་དང་དཔའ་བོའི་སྟོན་མོ་དང་།   སྦྱིན་སྲེག་གི་ཆོ་ག་ཚོགས་འཁོར་གྱི་ཆོ་ག་སྦྱིན་པའི་སྟོན་མོ།   ཀུན་ཏུ་བཟང་པོའི་སྤྱོད་པའི་ཐབས།

བསམ་ཡས་སྒྲ་བསྒྱུར་གླིང་།

   ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པའི་ཐབས།   ཨ་ཝ་དྷ་ཏི་པའི་སྤྱོད་པ་དང་། ཐོད་པ་ཆེན་པོའི་སྤྱོད་པའི་ཐབས་སོགས་གསང་སྔགས་ཀྱི་གདམས་པ་མང་པོ་འབྲོམ་སྟོན་པར་གནང་། དེར་སྤྱན་སྔ་ན་དགེ་ཚུལ་ཞིག་ལས་མེད་ཙ་ན་དགེ་སློང་གཞོན་ནུ་གཉིས་བྱོན་ཏེ་གཅིག་གིས་ཟད་པར་ཆུའི་ཏིང་ངེ་འཛིན་གཟིགས་པར་འཚལ་ལམ་ཟེར་ནས་དང་པོར་ཁོང་རང་གི་སྨིན་མཚམས་ཆུར་སོང་།

   དེ་ནས་མཆེད་དེ་ངམ་ཤོད་ཐམས་ཅད་ཆུར་གྱུར།   གཅིག་གིས་ཟད་པར་དཀར་པོ་གཟིགས་པར་འཚལ་ལམ་ཞེས་སྨིན་མཚམས་ནས་འོད་དཀར་པོས་ངམ་ཤོད་ཐམས་ཅད་དཀར་ཆམ་དུ་སོང་།    ཏིང་ངེ་འཛིན་ལས་ལངས་པ་དང་ཡང་སྨིན་མཚམས་སུ་འདུས་ཏེ་སོང་།   ཇོ་བོ་རྗེས་ཕ་ལ་ཕ་ལ་ཏིང་ངེ་འཛིན་བཟང་གསུངས།

དེ་ནས་མཆིམས་ཕུར་བྱོན་པས་དུས་སུ་ཡང་དེ་གཉིས་བྱོན་ནས་གཅིག་ན་རེ།   སྒྱུ་མ་ལྟ་བུའི་ཐང་ཀ་གཟིགས་པར་འཚལ་ལམ་ཞེས་ཞུས་པས།   ཐང་ཀ་ཞིག་ལ་དུས་  གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་བཀྲ་ལམ་མེ་གསལ་བ་ཞིག་དང་སྒྲོལ་མའི་ཐང་ཀ་བཀྲ་ལམ་མེ་བ་ཞིག་གཟིགས།   ནང་པར་དབུ་རྩེར་སྟོན་མོ་ཆེན་པོ་ཞིག་ བྱེད་པའི་དུས་དགེ་ཚུལ་དེས་དེ་གཉིས་ཀར་ཐལ་ཞུས་པས་ཁོང་དེར་མི་འོང་སའི་ལྷ་མོ་དང་ཤིང་གི་ལྷ་མོས་མཆོད་པ་འདྲེན་པ་ཡིན་གསུངས་དེ་ནས་ཇོ་བོ་རྗེ་ཉིད་བསམ་ཡས་དབུ་རྩེའི་བྱ་འདབ་ཀྱི་ནམ་མཁའ་ལ་སྐོར་བ་མཛད་པ་རྒན་མོ་ཞིག་གིས་མཐོང་སྟེ་རྣལ་འབྱོར་པ་ལ་ཞུས།  དེས་རྔོག་ལོ་ཙཱ་བ་ལ་བཤད།   རྔོག་གིས་ཇོ་བོ་རྗེ་ལ་ཞུས་པས།   ཇོ་བོ་རྗེས་བན་དེ་མོ་མིག་འཁྲུལ་བ་ཡིན་གྱི་རེད་གསུངས།   ཡང་ཇོ་བོ་རྗེས་ང་ལ་ལྷ་རྣམས་ཀྱིས་མཆོད་པ་བྱེད་པ་མཐོང་ངམ་གསུངས།

    དེ་ནས་པོ་ཏོ་བ་དང་ཇོ་བོ་རྗེ།   དགེ་བཤེས་སྟོན་པ།  རྣལ་འབྱོར་པ་བཅས་རས་ཡོལ་གྱི་བཅད་ནས་བཞུགས་པའི་ནུབ་ཅིག་ནམ་ཕྱེད་ཙམ་ན།  ཇོ་བོ་རྗེས་ཁྱོད་ཀྱིས་ཐོས་བསམ་གསུངས།   ཅི་གདའ་ལགས་ཞུས་པས།  རྒྱ་གར་ནས་ངའི་སློབ་མ་ཞིག་གིས་གསོལ་བ་འདེབས་པའི་དྲིལ་བུའི་སྒྲ་གྲགས་བྱུང་གསུངས།   སྐབས་དེར་བསམ་ཡས་པེ་ཀར་གླིང་དུ་མི་མང་པོ་འཚོགས་པའི་སར་སེམས་བསྐྱེད་ཆེན་པོ་ཞིག་མཛད།  ཨ་མེས་བྱང་ཆུབ་ཀྱི་ཐུགས་ལ་ང་ས་ཐག་རིང་པོ་ནས་ཆོས་ལ་འོངས་པས་བྱ་བས་གཡེངས་པ་འདི་མི་འོངས་བར་འདུག་སྙམ་པ་ཇོ་བོ་རྗེས་མཁྱེན་ནས་འབྲོམ་སྟོན་པར་ཨ་མེས་ཀྱི་བསམ་པ་དེ་ནི་བསམ་ངན་གྱི་རྒྱུའོ།  ཁྱོད་ཀྱིས་གྲོས་ཐོབ་ཅིག་གསུངས།   དེ་ནས་བསམ་ཡས་དཀོར་མཛོད་གླིང་དུ་རྒྱ་དཔེའི་དཀོར་མཛོད་ཅིག་ཁ་ཕྱེ་ནས་གཟིགས་པས་སྔར་མ་གཟིགས་པའི་རྒྱུད་མང་དུ་སྣང་བས་ངས་མི་ཡུལ་གྱི་རྒྱུད་རྣམས་སུ་མ་ཟད་མཁའ་འགྲོ་མས་བསྟན་པའི་རྒྱ་དཔེ་ཡང་དཔག་མེད་མཐོང་སྟེ་དེ་རྣམས་ན་ཡང་འདི་ཀུན་མི་འདུག་གསང་སྔགས་འདི་ལ་མཐའ་མངོན་རྒྱུ་མེད་པ་འདྲ་སློབ་དཔོན་པད་མས་ནཱ་ལེན་དྲ་ནས་རྒྱུད་གྱི་རྒྱ་དཔེ་ཐམས་ཅད་རྫུ་འཕྲུལ་གྱིས་བསམ་ཡས་སུ་བླངས་པས་བྱས་པ་ཡིན་གསུངས།   དེ་བཞིན་རྒྱ་གར་ན་མེད་པའི་དཔེ་མང་པོ་འདི་ན་སྣང་གསུངས་ནས་དབུ་མ་སྣང་བ་དང་།  ཕལ་པོ་ཆེ་ལ་སོགས་བྲིས་ནས་རྒྱ་གར་དུ་བསྐུར།  དེའི་དུས་ཀྱི་བསྟན་པ་ལྟ་བུ་རྒྱ་གར་དུ་ཡང་བྱུང་མི་འདུག་རྭ་ཛྭ་བོ་དྷི(རྒྱལ་པོ་བྱང་ཆུབ་སེམས་དཔའ)ཞེས་གསུངས་ཞིང་ཡི་རང་མཛད།   དེ་ནས་སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཇི་ཙམ་སོང་པའི་སྐོར་གྱི་བསྟན་རྩིས་མཛད།  བོད་སྟོན་རྣམས་ཀྱིས་ཉི་ཁྲི་སྣང་བ་ཞིག་གསུངས་བའི་ཞུ་བ་ཕུལ་བཞིན་ཡོད་པ་ལ།

   དགེ་བཤེས་ཁུ་སྟོན་གྱིས་ཇོ་བོ་རྗེ་ལ་ཡར་ལུང་ཡུལ་བཟང་ཞིང་ས་དྲོ།   ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཞབས་ཀྱིས་བཅགས་པའི་ས་ཡིན་པས།  གཞན་དོན་ཡང་དེ་ན་མཆིས།  བཞུགས་ས་ཡང་དབྱར་ལྷ་སྡིངས་སུ་བགྱི།   དགུན་ཐང་པོ་ཆེར་བགྱི་ཞེས་ཞུས་པས་ཞལ་གྱིས་བཞེས།

  ཨ་ཏི་ཤ་ཡར་ཀླུང་དུ་སྤྱན་འདྲེན་པ་ཡིན་པས།  ཉི་ཁྲི་ཉན་པ་ཀུན་ཡང་ཡར་ཀླུང་དུ་ཤོག   འདིར་གསུངས་ལོང་མི་འོང་ངོ་ཞེས་གྲགས།   དགེ་བཤེས་འབྲོམ་སྟོན་པའི་ཐུགས་དགོངས་ལ་ཁུ་སྟོན་ཐུགས་རྒྱལ་ཆེ་བས་ཞབས་ཏོག་བཟང་པོ་ཞིག་ཐོབ་མི་འོང་སྙམ་ནས་བང་སྟོན་ལ་ངས་ཐབས་ཀྱིས་ཡར་ཀླུང་ནས་བསམ་ཡས་སུ་སྤྱན་དྲངས་ཀྱིས་དེ་ནས་ཁྱོད་ཀྱིས་རྟ་པས་བསུས་ལ་སྙེ་ཐང་དུ་སྤྱན་དྲོངས་ཤིག་ཞེས་གསུངས།   དེ་ནས་ཇོ་བོ་རྗེ་བླ་སློབ་རྣམས་ཡར་ཀླུང་དུ་བྱོན།   བྱ་ས་ལྷ་ཁང་དུ་ཕེབས་དེའི་རྟེན་རྙིང་རྣམས་ལ་རབ་གནས་མཛད།  དེ་ནས་སོལ་ནག་ཐང་པོ་ཆེར་ཕེབས་ནས་ར་བརྩིགས་ཁང་ཞེས་བྱ་བར་བཞུགས།  དེར་ཁུ་སྟོན་གྱིས་ཇོ་བོ་ཉིད་ལ་གསེར་སྲང་བརྒྱ་ཕུལ། ཆོས་ཉི་ཁྲི་སྣང་བ་དང་རྒྱུད་བླ་མ།  ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་བཅས་བྱམས་ཆོས་ཕྱི་མ་གསུམ་སོགས་མང་དུ་གསུངས།   དེ་ནས་ཁུ་སྟོན་རང་ལྷ་སྡིངས་སུ་བཞུགས་སྟེ་མཐའི་མི་བྱ་བ་གྲངས་སུ་གཞུག་དགོས་ཟེར་ནས་ཞབས་ཏོག་ལེགས་པོ་མ་ཞུས།  འབྲོམ་དང་ཨ་མེས་ལ་ཡང་བརྙས་སེ་བྱས་པས་ཨ་མེས་ཀྱིས་ཉེ་གནས་མི་བགྱིད་པར་ཞུས་པས་མ་གནང་།   དགེ་བཤེས་སྟོན་པས་ཞུ་གྲོགས་མཛད་པས་ངེད་རྒྱ་གར་དུ་ཡིན་ན་གྲོགས་རྣལ་མ་འདི་ལྟ་བུ་ངས་ཕོ་ཉའི་དབང་དུ་བྱས་ཏེ་དགུག་དགོས་པའི་ཚོད་ཡིན་གསུངས་ཞིང་ཇོ་བོ་རྗེས་དབུ་ཞྭ་ཕུད་ནས་དབུ་དཀར་པོར་སོང་བ་དེ་ཨ་མེས་བྱང་ཆུབ་ཀྱི་པང་དུ་བཞག་སྟེ་ང་རྒྱ་གར་ཤར་དུ་སྐྱེས།   ཁྱོད་མདོ་སྨད་དུ་སྐྱེས་པ་དེ་ལས་ཀྱིས་འཕྲད་པ་ཡིན།  ད་ངའི་མགོ་འདི་ལྟར་སོང་བ་ཞིག་ཁྱོད་ཀྱིས་འཇོག་ཕོད་ན་ངའི་ཉེ་གནས་མ་བྱས་ཀྱང་ཆོག་གསུངས་པས།  ཨ་མེས་བྱང་ཆུབ་མཆི་མ་འཁྲུག་བཞིན།  ད་འོ་ན་ཇི་སྲིད་བཞུགས་ཀྱི་བར་དུ་ཁྱེད་ཀྱི་ཉེ་གནས་བགྱིད་པར་ཞུ་ལེགས་སོ་ཞེས་ཞུས་སོ།    ཇོ་བོའི་ཞལ་ནས་ཨུ་པ་སི་ཀ་ཁྱེད་བོད་ཀར་དགའ།  འདི་འདྲ་བས་མི་བསམ་པ་བཟང་པོ་ཡོད་པ་གསུངས། ཁུ་སྟོན་ལ་གྲྭ་པ་སྟོང་ཙམ་ཡོད་པ་དང་།  ཇོ་བོ་རྗེ་བླ་སློབ་སུམ་བརྒྱ་ལྷག་ཙམ་ལས་མེད་པས།  ཁོང་རྣམས་ལ་སྲི་ཞུ་ཆུང་ཞིང་བསྙེན་བཀུར་ལ་གཡེལ་བས་འཕྲལ་གྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཆེར་མ་བྱུང་བའི་སྟབས་ཀྱིས།   ཇོ་བོའི་ཞལ་ནས་ཁུ་སྟོན་འཁོར་ལོས་སྒྱུར་བའི་རྒྱལ་བོ་ལྟ་བུ།

   ཁོ་བོ་ནི་དམངས་ཕལ་པ་ལྟ་བུ།   ཁུ་སྟོན་སུམ་ཅུ་རྩ་གསུམ་གྱི་ལྷའི་ལོངས་སྤྱོད་ལྟ་བུ།  ཁོ་བོ་ནི་ཏྲེ་ཏ་པུ་རི་ལྟ་བུ་གསུངས།  འབྲོམ་སྟོན་པས་ཁུ་སྟོན་མི་དགྱེས་པར་འདུག་པས་བདག་ཚོ་དབུ་རུ་ན་ཕར་ཕེབས་ལེགས་སམ་ཞེས་པས།  ཇོ་བོས་ཨུ་པ་སི་ཀ་བཞུགས་ན་ཁོ་བོའང་སྡོད།   ཨུ་པ་སི་ཀ་ཕེབས་ན་ཁོ་བོའང་འགྲོ་གསུངས།

བསམ་ཡས་དགོན།

  འབྲོམ་སྟོན་པས།  ཇོ་བོ་རྗེ་ཁྱེད་ཁུ་སྟོན་གྱིས་གཏོང་ན་དབུ་རུ་ན་སྙེ་ཐང་བྱ་བ་ནགས་ཚལ་དང་ནེའུ་གསིང་རྒྱས་པ་དགུན་ཡང་མེ་ཏོག་སྐྱེས་བ་ཞིག་ཡོད་པས་དེར་བཞུགས་པས་ཆོག་ཞུས་པས།   ཇོ་བོས་ཁུ་སྟོན་གྱི་མི་ཚོར་བའི་ཐབས་བཟང་པོ་ཞིག་ཡོད་པས་ད་ལྟ་རང་འགྲོ་གསུངས་ནས་དེ་ནུབ་གྲབས་བྱས་སང་ཞོགས་པ་ཐོ་རེངས་སུ་གཤེགས།     ཇོ་བོས་མི་ཞིག་ལ་ཁུ་སྟོན་གྱི་རྩར་སོང་ལ་ཇོ་བོ་རྗེ་དབུ་རུར་ཕེབས་སོ་ཞེས་གྱིས་ཤིག་གསུངས་ནས་ས་ལ་རི་མོ་ཞིག་བྲིས།   དེ་ལ་ཏིང་ངེ་འཛིན་ཞིག་མཛད་ནས་དེ་བསུབས་པ་དང་མི་དེ་དགོན་པར་ཕྱིན་ཡང་མྱུར་དུ་མ་སླེབས་པ་དང་རེས་བརྗེད་ནས་ལན་བྱ་བ་མ་བྱུང་།  ཁུ་སྟོན་སྔ་དྲོ་སྐྱོ་སེང་དུ་བྱོན་པ་ལ་དེ་ཉིན་སྒོ་བརྒྱབ་ནས་ལན་མ་གསུངས།  དེ་ནས་ཁུ་སྟོན་གྱིས་ཇོ་བོ་དཔོན་གཡོག་ཕེབས་པས་སྐོར་ཤེས་རྗེས་དེ་སྔོན་ཁུ་སྟོན་གྱི་བཞོན་རྟ་བྱ་ནག་བྱ་བ་ཞིག་ཡོད་པ་དེ།

   ཁུ་སྟོན་གྱི་སྐད་ཐོས་པ་ཙམ་གྱིས་དྲུང་དུ་འོང་བ་ལ།  དེའི་ཉིན་འཕྲ་ཤགས་བྱས་ནས་བྲོས།  ཟིན་ནས་རྟ་པ་མང་པོས་རྗེས་བསྙེགས་ཏེ་བྱོན།   ཇོ་བོ་རྗེ་འཁོར་བཅས་རྣམས་འོན་གྱི་གྲུ་ཁ་ལ་བྱོན།  ཁུ་སྟོན་གྱི་གནོད་པ་བྱུང་དོགས་ནས་འབྲོམ་སྟོན་པ་འཁོར་བཅས་སྔོན་ལ་ཕེབས།  དེ་ནས་ཇོ་བོ་བྱོན་པའི་གྲུ་འདོམ་གང་ཙམ་དུ་སྒྲོལ་སྐབས་ཁུ་སྟོན་རང་སྔོན་ལ་བྱོན་ཏེ་ཇོ་བོ་ལ་བཞུགས་པར་ཞུས་པས་མ་གསན་བར་ཁུ་སྟོན་གྱི་མཆོད་པའི་རྟེན་དུ་ཇོ་བོའི་དབུ་ཞུ་ཕུལ་ནས་རྒྱང་གིས་བསྐྱུར།

ཇོ་བོས་འོན་ཁྲ་སྣར་ཀེ་རུ་ལྷ་ཁང་དུ་བཞུགས་སྐབས་དེའི་རྩིག་ངོས་སུ་ཇོ་བོ་རྗེ་ཉིད་ཀྱི་སྐུ་འདྲ་ཞིག་བྲི་བར་མཛད་དེ་དེང་སང་ཡང་མཆོད་པའི་གནས་སུ་འགྱུར།སྐབས་དེར་རྒན་མོ་ཞིག་གིས་འབྲུ་ཁལ་བཅོ་ལྔ་ཕུལ་ནས་ཟླ་བ་གཅིག་ཆོས་འཁོར་བཙུགས་པས་དེའི་སྲོལ་ཡུན་རིང་དུ་གནས།  དེ་ནས་སླར་ཡང་བསམ་ཡས་སུ་བྱོན།

བོད་ཀྱི་རཱ་ཛ་བོ་དྷི་ས་ཏྭ་གསུང་ཞིང་རྗེས་སུ་ཡི་རངས་མཛད།   ཕྱག་ལེན་ལ་བོད་ཀྱི་རྒྱལ་པོ་ཡིན་ཟེར་བ་ཀུན་ལ་ཤིན་ཏུ་གུས་པར་མཛད་པས་བོད་འབངས་རྣམས་ན་རེ་ཇོ་བོ་རྗེ་ལྟ་བུས་ཀྱང་གུས་པར་མཛད་ན་ངེད་འབངས་རྣམས་ཅིའི་ཕྱིར་གུས་པར་མི་བྱེད་ཟེར་ནས་ཤིན་ཏུ་གུས་པར་བྱེད་པ་བྱུང་།  དགེ་བཤེས་གར་མའི་ཡོན་ཏན་གཡུང་དྲུང་གིས་ཡོན་བདག་མཛད་ནས་དབྱར་དེ་ལ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ཞིག་གསུངས།   དེ་ནས་གང་ན་སྤྲོས་པའི་རྩོད་པ་ཡོད་པ་ལས།   དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག

  བྱ་བ་ཡིན་པས་ཨུ་པ་སི་ཀ་ད་ལྟ་རང་གཤེགས་གསུངས།   དེའི་དུས་སུ་ཞང་འཕྲང་ཀ་བེར་ཆུང་གིས་འབྲོམ་སྟོན་པ་སྤྱན་འདྲེན་པའི་བང་ཆེན་མི་གཉིས་བཏང་ནས་བྱུང་བས་འབྲོམ་སྟོན་པས།  ང་ད་ལོ་འོང་མི་ཁོམ།   ཇོ་བོ་སྐུ་ན་མཐོ་ལ་སྐུ་གཅོང་མངའ་བས་ཞབས་ཏོག་གལ་ཆེ།   དེའི་བར་དུ་ཁྱེད་ཐུགས་ཡིད་མི་ཆད་པར་ཞུ་གསུངས་ནས་འཕྲིན་བསྐུར་པ་ནི།  ཡབ་མེས་ཆོ་རིགས་བཟང་པོས་རྗེས་འབྲངས་ནས།  དགེ་བའི་བློ་མངའ་དལ་འབྱོར་ལྡན་རྣམས་ལ།  སྨན་པར་དགོངས་པའི་སེམས་ཀྱིས་ཀུན་བསླངས་ནས།  བདུད་རྩི་འདྲ་བའི་ཆོས་ཤིག་ཀུན་ལ་འདེབས།   ཞེས་བྱ་བ་ནས།  མཐོ་དམའ་མཁའ་ལ་ཉི་ཤར་ཇི་བཞིན་དུ།  འགྲོ་མགོན་སངས་རྒྱས་དེ་དང་འཕྲད་པར་མཛོད།  ཅེས་བྱ་བའི་བར་ཚིགས་བཅད་བཅོ་བརྒྱད་དང་།  གང་གི་དྲིན་གྱིས་བདག་བློ་རྒྱས་མཛད་པའི།   ཞེས་པ་ནས།    དེས་ན་དམ་རྣམས་ཀྱི་རྗེས་སུ་བསླབ།  ཅེས་པའི་བར་ཚིགས་སུ་བཅད་པ་བཅོ་བརྒྱད་བཅས་འཕྲིན་དུ་བསྐུར།  དེ་དང་མཉམ་དུ་དད་རྟེན་དུ་ཇོ་བོ་འཇམ་དཔལ་རྡོ་རྗེའི་སྐུ་དེ་ཡང་བསྐུར་གནང་མཛད།  ང་ཇོ་བོ་དང་ཤི་བྲལ་བྱེད།  དེ་ནས་མ་ཤི་ན་ཁྱེད་ཀྱི་མཆོད་གནས་བྱའོ།  དེའི་བར་འདི་རྣམས་དགོངས་ཤིག་གསུངས།   ཇོ་བོའི་ཞལ་ནས།

  བྱང་ཆུབ་སེམས་ནི་རིན་པོ་ཆེ།  གང་གི་ཐུགས་ལ་གནས་གྱུར་པ།   དེ་ཡི་སྐུ་ལ་ཕྱག་འཚལ་ན།   བསོད་ནམས་དཔག་ཏུ་མེད་པ་འབྱུང་།   ཞེས་གསུངས།   ཡང་ཇོ་བོ་དང་ལོ་ཙཱ་བ་གཉིས་ཀྱིས་འགྱུར་ཆུང་ཞིག་མཛད་པའི་ཚེ།  ལོ་ཙཱ་བས་སྣག་ཚ་བོ་བས།  ཇོ་བོས་ལོ་ཙཱ་བ་སྒོར་ཕྱུང་གསུངས།  ལོ་ཙཱ་བས་བླ་མས་ན་ནིང་ཡང་མངའ་རིས་སུ་སྒོར་ཕྱུང་ཞུས་པས།  ཇོ་བོས་ལོ་ཙཱ་བ་ངན་པར་ཐལ།  ཁྱེད་ལ་ཁོན་དུ་འཛིན་པ་འདུག   ང་ལ་ཁྲོ་བ་ཡོད་དེ་འཛིན་པ་མེད་གསུངས།  དེའི་དུས་སུ་ཡང་བོད་ཀྱི་མི་ཆེན་ཕལ་ཆེར་འཚོགས་པས་རབ་ཏུ་བྱུང་བ་རྣམས་ཚུལ་ཁྲིམས་ལ་བཀོད།   སྔགས་པ་རྣམས་དམ་ཚིག་ལ་བཀོད།  ཁྱིམ་པ་རྣམས་བསྙེན་གནས་ལ་བཀོད།   ཆོས་ཐམས་ཅད་ལག་ལེན་ལ་གདབ་ཏུ་རུང་བར་མཛད་ནས་བོད་ལ་ཕན་བཏགས་པར་མཛད།

དེའི་དུས་སུ་བང་སྟོན་གྱི་རྟ་པ་ཉིས་བརྒྱས་བསུས་ཏེ་བསམ་ཡས་ཕུའི་ལ་ལ་བྱོན།   དད་ལྡན་གྱིས་ཕུལ་བའི་རྟ་ཕྱུགས་མང་དུ་ཡོད་པས་ཐུགས་འདོད་ཆེ་བར་སྒྲོག་པ་ཡང་བྱུང་།  འདི་རྣམས་མི་འཚོང་ངམ་ཞེས་པས་ཁྱོད་ཕ་མ་རྒན་རྒོན་ཡང་འཚོང་ངམ་གསུངས། བསམ་ཡས་ཀྱི་ལ་ལ་རྟ་རྒན་ཞིག་གི་ལག་པ་རྫ་བར་དུ་འཚུད་ནས་མ་ཐོན་པར་ལུས་པ་མཁྱེན་ཏེ་འདོན་དུ་བཏང་། སྲིའི་རྒྱ་ཕིབས་སུ་ཟླ་བ་ཕྱེད་ཙམ་བཞུགས་དེ་ནས་སྙེ་ཐང་དུ་ཕེབས། སྐབས་དེར་རྔོག་ལེགས་པའི་ཤེས་རབ་ཀྱིས་ལྷ་ས་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་སྤྱན་དྲངས་ནས་ཕེབས་བསུར་བྱོན། དེའི་དུས་མི་དཀར་པོ་ཞིག་སྔུན་བསུར་བྱུང་སྟེ་མ་ཧཱ་པཎྜི་ཏ་བྱོན་པ་ལེགས་སོ་རྒྱལ་བར་གྱུར་ཅིག་གསུངས། ཇོ་བོས་དེ་མ་ཐག་ཆིབས་ལས་བབས་སྟེ་ཕྱག་ཐལ་མོ་སྦྱར། མདོ་འདོན་གྱིན་མགྱོགས་པར་བྱོན་ཡང་རྗེས་མ་ཟིན། དེ་ལྟར་མཛད་པ་ཅི་ལགས་ཞུས་པས།

    ཁྱོད་ཀྱིས་མི་དཀར་པོ་དེ་མཐོང་ངམ་གསུངས། དེ་མཐོང་ལགས་ཞུས་པས། དེ་ངའི་ཡི་དམ་ཐུགས་རྗེ་ཆེན་པོ་ཡིན་ཏེ་ཕྱག་བྱ་བར་འདོད་པས་རྗེས་མ་ཟིན་གསུངས།

དེ་ནས་ལྷ་སར་ཕེབས་ཏེ་ར་ས་འཕྲུལ་སྣང་གི་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་དེ་གཟིགགས་ནས་འདི་ལས་ངོ་མཚར་ཆེ་བ་མེད། ཐུགས་རྗེ་ཆེན་པོ་དངོས་ཡིན་གསུངས་ནས་མཆོད་པ་རྒྱ་ཆེན་པོ་མཛད། ཇོ་བོ་ཤཱཀྱ་མུ་ཎེའི་སྐུ་བརྙན་གཟིགས་པས་སྤྲུལ་པའི་སྐུ་དངོས་སུ་འདུག་གསུངས་ནས་འདྲ་འབག་གི་སྐུ་ཡང་བྲིས་ཏེ་ཐུགས་དམ་གྱི་རྟེན་མཛད། ཡོད་སྨྲའི་སྡེ་པ་ལ་སྤྱི་བཤགས་ཡོད་དམ་ཞུས་པས་སློབ་དཔོན་ཞི་བ་ལྷས་མཛད་པ་ཡོད་གསུངས་ནས་གནང་སྟེ་མི་ཤེས་པ་དང་བརྗེད་པས་བྱས་པའི་ལྟུང་བ་རྣམས་འདིས་འདག་གསུངས། ཇོ་བོ་རྗེ་ལྷ་སར་བཞུགས་རིང་ཡ་མཚན་ཅན་གྱི་རྟགས་མང་པོ་ཡང་གཟིགས། དགྲ་བཅོམ་པ་ཞིག་ཀྱང་འདུག  བོད་ན་དུར་ཁྲོད་ཀྱི་གནས་ཤིག་བཤད་པ་དེ་འདི་ཡིན་པར་འདུག་གསུངས་ནས་གནས་ཆེན་པོ་བརྒྱད་ཀྱི་བཤད་པ་ཡང་མཛད། ཁྱད་པར་དུ་གསང་སྔགས་སྒྲུབ་པའི་གནས་མཆོག་ཏུ་གྱུར་བ་ཡིན་གསུངས། དེའི་དུས་སུ་ཆང་གི་ཉེས་པ་སུམ་ཅུ་རྩ་བཞི་ལ་སོགས་པ་ཆང་གི་ཉེས་པ་མང་པོ་ཡང་གསུངས།

   དེ་ནས་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་དབུ་མཛད་བོད་སྟོན་བདུན་གྱིས་རིམ་པར་ཞུས་པའི་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་དང་དེའི་སྲུང་བའི་འཁོར་ལོ་དང་རིག་སྔགས་བཅད་པའི་ཆོ་ག་དང་། སེར་བ་བཟློག་པའི་ཆོ་ག དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ལེའུ་དང་པོ་རྣམས་གསུངས་ནས་ཇོ་བོ་རྗེ་ཉིད་དང་ནག་ཚོ་ལོ་ཙཱ་བས་བསྒྱུར་རོ། ། ཇོ་བོ་རྗེས་ཐུགས་ཚིམ་པ་མེད་པར་ར་ས་འཕྲུལ་སྣང་དུ་བསྐོར་བ་དང་སྒྲུབ་པ་མཛད་པ་ལ་རྔོག་ལེགས་པའི་ཤེས་རབ་ཀྱིས་སྔར་བསམ་ཡས་སུ་ཇོ་བོ་རྗེ་ནམ་མཁའ་ལ་བསྐོར་བ་མཛད་ཟེར་བ་དེ་ཐུགས་ལ་བཞག་ནས། ནམ་གཅིག་ཇོ་བོ་རྗེ་བསྐོར་བ་མཛད་པ་ལ་གཟིགས་པས་ཇོ་བོ་རྗེའི་ཞབས་ས་ལ་མི་རེག་པ་རྔོག་ལོས་གཟིགས་ནས་རྔོག་ལོས་ཇོ་བོ་རྗེ་ལ་བསམ་ཡས་ཀྱི་རྒན་མོ་དེ་སྣང་བ་དག་པར་འདའ། ཇོ་བོ་རྗེའི་ཞབས་ས་ལ་མ་རེག་པར་བསྐོར་བ་མཛད་ཅིང་གདའ་བ་ཞུས་པས། ཁོ་བོ་ལ་རྒྱ་གར་ན་ཡང་དེ་ལྟར་གྲགས་གསུངས།

 དེའི་དུས་སུ་འབྲོམ་སྟོན་པས་དབུ་མཛད་དེ་བོད་སྟོན་རྣམས་ཀྱིས་བསྐོར་བའི་གདམས་པ་ཞུས་པས། ཇོ་བོ་རྗེའི་ཞལ་ནས་འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་བསྐོར་བ་ལས་བསོད་ནམས་ཆེ་བ་མེད། ལུས་ངག་ཡིད་གསུམ་གྱི་ལས་གསུམ་གས་བསྐོར་བ་ཡིན།

    རྒྱ་གར་ན་གྲོང་ཁྱེར་ཆེན་པོ་ལ་བསྐོར་བ་བྱོས་པས་དངོས་གྲུབ་ཐོབ་པ་དང་། གཙུག་ལག་ཁང་ལ་བསྐོར་བ་བྱས་པས་དངོས་གྲུབ་ཐོབ་པ། ཁར་ས་པཱ་ཎིའི་ལྷ་ཁང་ལ་བསྐོར་བ་བྱས་པས་དངོས་གྲུབ་ཐོབ་ཅིང་རྐང་འབམ་གྱི་ནད་གསོས་པ་ལ་སོགས་པའི་གཏམ་རྒྱུད་མང་དུ་གསུངས་ནས་བསྐོར་བའི་གདམས་པ་རིགས་མང་དུ་གསུངས་སོ། ། ཡང་ཇོ་བོ་རྗེ་ལྷ་སའི་གཙུག་ལག་ཁང་དུ་བསྐོར་བ་མཛད་ཅིང་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དེས་གཙུག་ལག་ཁང་ཆེན་པོ་འདི་ཇི་ལྟར་བཞེངས་པའི་ལོ་རྒྱུས་ཤིག་ཡོད་དམ་དགོངས་པ་ན་སྤྲང་མོ་སྨྱོན་མ་ཟེར་བ་ཞིག་ན་རེ་ལྐོག་ཕ་གིར་གཤེགས་འཚལ་ཟེར་ཏེ་འདིའི་ལོ་རྒྱུས་ཤིག་འཚལ་ལམ་ཟེར་བས། རང་བཞིན་གྱི་རྣལ་འབྱོར་མར་མཁྱེན་ཏེ་ཅིས་ཀྱང་འཚལ་ལགས་ཞུས་པས། འོ་ན་ཀ་བ་བུམ་པ་ཅན་ནས་འདོམ་ཕྱེད་དང་གསུམ་གཞལ་བ་ན་ཡོད་གཞན་ལ་མ་སྨྲས་ཤིག་ཟེར།

    དེར་འདོན་པར་བརྩམ་པ་ན། གཏེར་སྲུང་གཉན་པོ་ཞིག་འདུག་པས་དེ་རིང་ཇི་ཙམ་ཟིན་པ་ཞིག་འབྲིར་བཏང་གཞན་མི་སྟེར་ཟེར་བས། རྣལ་འབྱོར་པ་དང་འབྲོམ་སྟོན་པ་སོགས་བཞིས་བྲིས་པས་ཕལ་ཆེར་བྲིས་ཟིན། ལྷག་མ་ཅུང་ཟད་ལུས། དེ་རྣལ་འབྱོར་པ་ལ་གནང་ནས་སུ་ལ་ཡང་མ་སྟོན་ཞིག་གསུངས། ཕྱིས་བྱ་ཡུལ་བས་ཐུགས་རྗེ་ཆེན་པོའི་ཆེ་བའི་ཡོན་ཏན་ཞིག་དཀོན་གཉེར་ལ་གཏད། གཞན་གདུང་ཁང་དུ་བཅུག་སྐད། དེ་ནས་ཞག་གཉིས་ན་རང་བཞིན་གྱི་རྣལ་འབྱོར་མ་ལྷ་རྣམས་ཀྱིས་བསུས་ནས་གཤེགས་གསུངས་ཏེ་རྣལ་འབྱོར་པས་བལྟར་ཕྱིན་པས་གྲོང་མ་ཐག་ཏུ་འདུག ཇོ་བོ་རྗེས། གྲིབ་ཀྱི་རི་དེ་དང་ལྷ་ས་གཉིས་ལ་ཕར་བཞུད་ཚུར་བཞུད་བྱེད་པའི་རང་བཞིན་གྱི་རྣལ་འབྱོར་མ་ཞིག་འདུག་གསུངས། ལྷ་སར་དགུན་གཅིག་བཞུགས། དེའི་དུས་སུ་ཆོས་གསུངས་པ་རྣམས་ཀྱང་ཟབ་རྟགས་ཁྱད་པར་ཅན་མང་པོ་ཡང་གཟིགས། དབྱར་དུས་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་ཡེར་པར་སྤྱན་དྲངས་ཏེ་བ་རང་དུ་བཞུགས། གནས་བརྟན་དད་པ་བླ་མས་ཇོ་བོའི་གཟིམས་ཁང་དུ་བྱེད་ཟེར་ནས་གནས་ཤིག་བརྩིགས་དེར་ཞག་གཅིག་བཞུགས་ཏེ་གཟིམས་ཁང་དུ་གྲགས། ཡེར་པའི་ཞང་བཙུན་འོལ་རྒོད་འབར་གྱིས་བསྙེན་བཀུར་ཆེར་ཞུས་ནས་གདམས་པ་ཞུས་པས། ཇོ་བོ་རྗེས་རིགས་ཀྱི་བུ་ཁྱོད་ཀྱི་ཚེ་ནི་ཐུང་། ཤེས་བྱའི་རྣམ་པ་མང་། ཚེའི་ཚད་ནི་ཇི་ཙམ་མི་ཤེས་པས། ཁྱེད་ཀྱིས་སྒོམས་ཤིག བསྒོམས་པས་མང་པོ་མང་པོ་གོ་བ་ཡིན། ཉན་པས་ཉུང་ངུ་ཉུང་ངུ་ལས་མི་གོ ཁྱེད་ཀྱིས་སྒྲུབ་པ་ལ་ནན་ཏན་སྙིང་པོར་གྱིས་ཤིག་བསུངས། དེ་ནས་གྲུབ་ཐོབ་ཀྱི་དབེན་གནས་རྙིང་པ་ཞིག་ལ་ཕྱག་མཛད། དགེ་ཚུལ་བཞི་ལ་ཡང་ཕྱག་མཛད། དེ་ཇི་ལྟར་ལགས་ཞུས་པས། བཞི་གདའ་བ་ཡིན་གསུངས། ཇོ་བོ་རྗེ་ལ་བཙུན་མ་ནད་པ་ཞིག་གིས་བསྙེན་བཀུར་ཞུས་པས། བཙུན་མ་དེ་ཤི་བ་ཇོ་བོས་མཁྱེན་ནས། རྣལ་འབྱོར་པ་ལ་ཡོན་བདག་མོ་དེ་ཤིའམ་གསུངས་པས། ཅང་ཤིའམ་ཁ་སང་རང་བསྙེན་བཀུར་བྱས་པ་ལགས་ཞུས་པས། ཇོ་བོ་རྗེས་དེ་རང་གིས་ཤི་བ་ཡིན། བཙུན་མ་དེ་ལྷར་སྐྱེས་ནས་བཀྲ་ཤིས་ཀྱི་མཆོད་པ་བྱེད་ཅིང་འདུག་གསུངས། དེའི་དུས་སུ་འབྲོམ་སྟོན་པས་བྱང་དུ་གསེར་སློང་དུ་བྱོན། དགེ་བཤེས་ནམ་མཁའ་བླ་མའི་ཕ་མ་ཤི་བ་བྱིས་པ་ནོར་དང་བཅས་འབྲོམ་སྟོན་པ་ལ་ཕུལ།

   དེ་བཞིན་དད་ལྡན་རྣམས་ཀྱིས་གསེར་ལ་སོགས་པ་ནོར་མང་དུ་ཕུལ་ནས་ཚུར་བྱོན། ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་བླ་མ་རྗེ་བཙུན་ཆེན་པོ་ཟང་ཟིང་ལ་མཉེས་པ་མི་མངའ་ཡང་། ཁོ་བོ་ཟང་ཟིང་གི་མཆོད་པ་ཅུང་ཟད་བགྱིད་གསུངས་ནས་འབུལ་བ་མཛད་པ་ནི།

   གསེར་ཞོ་དགུ་དགུ་ལ་སྲང་རེ་རེ་བརྩིས་པའི་གསེར་སྲང་བརྒྱ་རྩ་བརྒྱད། རྟ་ཉི་ཤུ་རྩ་གཅིག བླ་གོར་གྱི་གཞོང་པ་ལ་སོགས་ནོར་སྣ་བརྒྱ་རྩ་བརྒྱད་ཕུལ། བོད་དུ་ཉིན་གཅིག་ལ་དེ་ལས་ཞབས་ཏོག་ཆེ་བ་བྱུང་མེད་གསུངས། དེ་ནས་ཇོ་བོ་རྗེས་བྱང་ཆུབ་ལམ་གྱི་རིམ་པའི་དབུ་བཤེས་གཉེན་བསྟེན་ཚུལ་ནས་མཐར་འབྲས་བུ་ཟུང་འཇུག་གྲུབ་པའི་བར་གྱི་ལམ་འབྲས་བུ་དང་བཅས་པའི་བཀའ་བའི་གནས་རྣམས་ལ་བརྒལ་བརྟག་གི་ལུང་དང་རིགས་པས་མཐའ་གཅོད་པར་མཛད་ཅིང་། བྱང་ཆུབ་ལམ་གྱི་རིམ་པའི་སྙིང་པོའི་ཡང་སྙིང་པོ་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་མན་ངག་གསང་བ་ལས་ཀྱང་ཆེས་གསང་བ་ཐེག་ལེ་བཅུ་དྲུག་གི་དབང་དང་གདམས་ངག་རྣམས་རྫོགས་པར་གནང་། དེའི་ཚེ་གསང་ཕུ་བ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་ཡབ་སྲས་གཉིས་ལ་མཎྜལ་ཕུལ་ཏེ་ཡབ་སྲས་གཉིས་ཀའི་གསང་བ་ཐུན་མོང་མིན་པའི་བཀོད་པ་རྣམས་གསུངས་པར་གསོལ་བ་བཏབ་པ་ན། འབྲོམ་སྟོན་པའི་སྐྱེས་རབས་ཟབ་མོ་རྣམས་ཇོ་བོ་རྗེས་གསུངས། འབྲོམ་སྟོན་པ་ཉིད་ཀྱིས་བཀའ་རྒྱ་ཤིན་ཏུ་དམ་པར་མཛད་པ་སྤྲུལ་པའི་གླེགས་བམ་ཞེས་པ་དེང་སང་བཀའ་གདམས་གླེགས་བམ་དུ་གྲགས་པ་འདི་གསུངས།

ཇོ་བོ་རྗེའི་སྐུ་ཆེ་བའི་ཡོན་ཏན་འབྲོམ་སྟོན་པས་ཡེ་གེར་བསྡེབས་པ་དེ་ཡང་ཚོགས་སུ་བཀླགས་པས། གང་ཞིག་ལ་ནི་བསྟོད་པ་ཡི། ཞེས་པའི་བསྟོད་པ་དེ་ཡང་མཛད་པས། ཇོ་བོ་རྗེས་འོ་ན་ང་ལ་ཡོན་ཏན་དེ་ལས་མེད་དམ་གསུངས་ནས། ཇོ་བོ་རྗེས་ཉིད་ཀྱིས་ཆོས་ལ་དཀའ་སྤྱད་མཛད་ཚུལ་དང་། སྒྲུབ་པ་ཉམས་སུ་བླངས་ཚུལ་ལ་སོགས་ཅུང་ཟད་གསུངས་ཏེ། ཁྱེད་ཚོས་དཀའ་སྤྱད་མ་བྱས་པར་ཆོས་ཟབ་མོ་རྙེད་པ་དོན་ཆེ་ཡིས་ལེགས་པར་སྤྱོད་ཅིག་གསུངས། ཡང་རྟག་ཏུ་ངུ་དང་ཆོས་འཕགས་དང་ནོར་བཟང་གི་གཏམ་རྒྱུད་ཟུར་ཙམ་གསུངས་ནས། བླ་མའི་ཞབས་ཏོག་བྱེད་པ་ལ། བླ་མ་དེ་ལ་འདོད་པ་མི་མངའ་ཡང་རྟེན་འབྲེལ་གྱི་ཆེ་བ་ཡིན་པས་དགོས་པ་ཡོད་པ་ཡིན་གསུངས། བླ་གོར་གྱི་གཞོང་པ་དེ་ཇོ་བོའི་གསོལ་སྡེར་མཛད་ནས་ཕྱིས་ཤངས་མཚལ་གྱིས་ཇོ་བོ་རྗེ་ཉིད་ཀྱི་སྐུ་འདྲ་ཕྱག་བྲིས་སུ་མཛད་ནས་དད་པའི་རྟེན་དུ་བཞག་སྟེ་ད་ལྟ་ཡེར་པའ་ར་བ་ན་བཞུགས། འདི་སྐབས་ཙམ་དུ་འབྲོམ་སྟོན་པ་དང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ཡང་མཇལ། ཇོ་བོ་རྗེས་འབྲོམ་སྟོན་སོགས་ཀྱི་གསོལ་བ་བཏབ་པ་བཞིན་ཆོས་དང་ཆོས་ཉིད་རྣམ་འབྱེད་ལ་སོགས་པའི་གསུང་ཆོས་མང་དུ་གནང་། སྐབས་ཤིག་ཡེར་པར་ཇོ་བོ་སྐུ་མཚམས་ལའང་བཞུགས།

   དེ་ནས་དར་ཡུལ་མངོན་ཤེས་པ་བྱ་བ་དེས་རྔོག་བྱང་ཆུབ་འབྱུང་གནས་ལ་གཡུ་རྡོག་ཅིག་རྔན་པར་བྱིན་ཏེ་གྲོགས་བཅོལ་ནས་མཇལ་དུ་བྱུང་བ་ལ་ཁུ་སྟོན་གྱིས་ཇོ་བོའི་སྐུ་སྐྱེ་སྔ་ཕྱི་སོགས་དྲིས་པས་མང་པོ་ཞིག་ཤར་གྱིས་བྱུང་། དེར་ཁུས་འགྲམ་པ་གཡས་གཡོན་དུ་དཀར་གོང་དང་སྲན་མ་བཅུག་ནས་འོ་ན་ངའི་འགྲམ་པ་གཡས་གཡོན་དུ་ཅི་ཡོད་དྲིས་པས་མ་ཤེས་པར་སྐྱེངས་ཏེ་སོང་། ལྷའི་བུའི་བདུད་ཀྱི་བར་ཆད་དེ་བོད་ན་སྔར་དེ་འདྲ་མང་པོ་ཡོད་པ་ཕྱིས་ཉུང་དུ་སོང་། དེ་ནས་ཀ་བ་ཤཱཀྱ་དབང་ཕྱུག་གིས་སྤྱན་དྲངས་ནས་ལེན་པར་བྱོན་པའི་ཕེབས་ལམ་དུ་བུ་མོ་ཞིག་གིས་ཇོ་བོ་ལ་དད་ནས། མོ་རང་གི་རྒྱན་ཆ་རྣམས་ཕུད་ནས་ཇོ་བོ་རྗེ་ལ་ཕུལ། དེ་ནས་ལེན་པའི་སྤྱིལ་ཕུར་ཟླ་བ་གཅིག་ཙམ་བཞུགས། བྱིས་པ་ཞིག་ལ་བྱིན་རླབས་མཛད་ནས་གཞན་ལ་ཕན་པ་ཞིག་འོང་གསུངས་ཏེ་ཕྱིས་ལྕང་ཕྱིའི་ཉང་མི་ཆེན་པོར་གྱུར། བྲན་ཀས་བར་ཆད་རྩོམ་པས་མ་ཚུགས་པར་རྟ་མགྲིན་ཤཱ་ན་བཞི་སྐོར་གྱི་སྒོ་ནས་བཏུལ། དེ་ནས་སླར་ཡང་ཡེར་པར་བྱོན་པའི་དུས་སུ་བང་སྟོན་གྱིས་སྤྱན་འདྲེན་པ་བྱུང་སྟེ། རྟ་ཕྱུགས་དང་གྲ་ཁལ་ཐམས་ཅད་ཡེར་པའི་རྩྭ་ཁ་ལ་རི་དྭགས་ལྟར་ཡན་དུ་བཅུག ཡེར་པར་དབྱར་གཅིག་བཞུགས་ནས་སྙེ་ཐང་དུ་བྱོན་པའི་ལམ་བར་དུ་སྟོད་ལུང་རམ་པ་ཡུལ་པོ་ཆེར་བྱོན་ཏེ་དེ་ཡན་ཆད་མ་ཕེབས།།

གསར་འགོད་པ།  འཇིགས་མེད་རྣམ་རྒྱལ།   འཇིགས་མེད་གྲགས་པ།  དཀོན་མཆོག་འབངས།



རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-12-11 ལྟ་ཀློག (10566)