​གཙོ་བོ་རང་ལ་ཐུག་ཡོད།


གཙོ་བོ་རང་ལ་ཐུག་ཡོད།

སྒྲུབ་དཀའ་དོན་ཆེན་འགྲུབ་དང་མི་འགྲུབ་ནི།།

སྒྲུབ་བྱེད་སེམས་ཤུགས་ཡོད་དང་མེད་ལ་ལྟོས།།

འགལ་རྐྱེན་མཐུན་རྐྱེན་ཇི་ལྟར་འགྱུར་བ་ནི།།

སྒྱུར་བྱེད་སྙིང་སྟོབས་ཡོད་དང་མེད་ལ་ལྟོས།།

བསྟོད་དང་སྨད་པས་དགའ་དང་མི་དགའ་ནི།།

རང་གཤིས་སྦྱངས་དང་མ་སྦྱངས་ཉིད་ལ་ལྟོས།།

གཏོང་ལེན་བླང་དོར་ཤེས་དང་མི་ཤེས་ནི།།

སྐྱེས་སྦྱངས་ཤེས་རབ་ཡོད་དང་མེད་ལ་ལྟོས།།

མངོན་འདོད་རེ་བ་མངོན་དུ་འགྱུར་མིན་ནི།།

གུས་རྟག་བརྩོན་པས་འབད་དང་མ་འབད་ཡིན།།

དེ་ཕྱིར་ཕྱི་རོལ་གཟུང་བའི་ཐང་ཆེན་དུ།།

ཤུགས་ཀྱིས་རྒྱུག་པས་ངལ་དུབ་འཛིན་པ་སེམས།།

རང་གི་དབང་དུ་འགྱུར་མིན་འདུལ་བའི་ཐབས།།

ནང་ནས་འཚོལ་བ་གནད་དུ་ཤེས་པ་གལ།།

ཀུན་མཁྱེན་སྟོན་པས་གང་གསུང་ཆོས་ཀུན་ཀྱང་།།

མདོར་ན་རང་སེམས་སྦྱོང་བའི་ཐབས་ཡིན་ཞེས།།

སྔོན་བྱོན་རྒྱ་བོད་མཁས་གྲུབ་དམ་པ་རྣམས།།

མཐུན་པར་ལན་བརྒྱར་གསུངས་པའང་ཨེ་མ་བསྔགས།།

ཇི་ལྟར་མཚེར་མས་གང་བའི་ཐང་ཆེན་དུ།།

བགྲོད་དགོས་བྱུང་ཚེ་ཀོ་བས་ཐང་ཆེན་ཀུན།།

གཡོགས་པ་ཉིད་ལས་ལྷམ་མཐིལ་ཀོ་ཙམ་གྱིས།།

རང་གི་རྐང་མཐིལ་གཡོགས་ན་དགའ་བ་ལྟར།།

ཕྱི་རོལ་མི་སྲུན་སྐྱེ་བོ་འབུམ་གྱི་ཁ།།

ཞེ་སྡང་ལག་པས་གཅོད་པར་མི་ནུས་པས།།

ཞི་བསིལ་ཆོས་ཀྱི་བདུད་རྩིས་རང་གི་སེམས།།

ཞི་བར་བཀོད་ན་གནོད་པ་རང་ཞི་ཡིན།།

ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས་ཆོས་ཀྱི་དོན་སེམས་ལ་ཤར་ཚུལ་ཐོལ་བྱུང་དུ་བྲིས་པའོ།།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2018-12-06 ལྟ་ཀློག (5068)