རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།

༄༅།། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།

རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་བོ་ང་ཚོའི་སློབ་གྲྭར་ཕེབས་པ།

     ༢༠༡༨ལོའི་སྤྱི་ཟླ༡༡པའི་ཚེས༡༣ཉིན་རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་བོའི་བོད་ཡིག་ཁྲིད་དཔྱོད་ཁང་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་སློབ་གསོ་སློབ་ཁྲིད་ཀྱི་ལྟ་སྦྱོང་དུ་ཕེབས། སློབ་གསོའི་ལྟ་སྦྱོང་ནི་སྔོན་ཐོན་སློབ་གྲྭས་སློབ་གསོ་སྤེལ་སྟངས་དང་སྔོན་ཐོན་དགེ་རྒན་གྱིས་སློབ་ཁྲིད་བྱེད་ཐབས་སོགས་ཉམས་མྱོང་བརྗེ་རེས་བྱེད་ཐབས་ཆེས་ལེགས་ཤོས་ཤིག་དང་། སློབ་གྲྭ་ཕན་ཚུན་བར་བསམ་བློ་བརྗེ་རེས་དང་ཉམས་མྱོང་བསྡུ་ལེན་གྱི་ནུས་པ་ཐོན་སྤྱད་ཅིག་ཡིན། ལྟ་སྦྱོང་དགེ་རྒན་རྣམས་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ལ་ཉེ་སྐབས༧རྗེ་བཙུན་དམུ་དགེ་ཚང་གི་གསུང་འབུམ་ཆ་ཚང་ཞིག་དང་དྲི་མེད་ལྷ་དར་ཞིག་ཁྱེར་ཏེ་སླེབས་ཤིང་སྔ་དྲོར་ལོ་རིམ་དྲུག་པ་དང་། ལྔ་གཅིག་ལྔ་གཉིས་སོགས་བོད་ཡིག་སློབ་ཁྲིད་བཞི་ལ་མཉན་ཞིང་དཔེ་མཛོད་ཁང་སོགས་ལ་ལྟ་ཞིབ་བྱས། མ་ཟད་བོད་སྐད་ཡིག་གི་རིན་ཐང་དང་གནས་བབ། སློབ་གསོའི་ཐུན་མོང་རང་བཞིན། སློབ་གསོའི་འཕེལ་རྒྱས་རང་བཞིན་གྱི་ཁྱད་ཆོས། སློབ་ཁྲིད་ཀྱི་ཐད་དང་། ཀུན་སྤྱོད་སོགས་ཀྱི་ཐད་དུ་ཕྱི་དྲོའི་ཆུ་ཚོད་བཞི་བའི་བར་ལ་ང་ཚོའི་བོད་ཡིག་ཁྲིད་དཔྱོད་ཁང་དང་མཉམ་དུ་ཀུན་སློང་གཙང་མ་དང་། ཕན་སེམས་རྐྱང་རྐྱང་། ལྷག་བསམ་རྣམ་དག་གིས་གཅིག་གཅིག་ལ་བསམ་ཚུལ་བརྗེ་རེས་བྱས་ཤིང་ང་ཚོའི་སློབ་གྲྭའི་སློབ་ཁྲིད་བྱེད་སྟངས་དང་། དགོང་ཞོགས་ཀྱི་སྐྱོར་སྦྱོང་། སྦྱོར་ཀློག ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར། ཤེས་རིག་འགྲན་གླེང་། གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་སྡུར། བློ་རྒྱུགས་གཙང་བོ་དལ་འབབ་སོགས་བྱ་འགུལ་གྱི་རིམ་པ་དང་། དགེ་རྒན་ཚོའི་སྤུས་ལེགས་སློབ་ཁྲིད་འགྲན་སྡུར་སོགས་བོད་སྐད་ཡིག་གི་བྱེད་སྒོར་ཞིབ་རྒྱས་བྱས་ཏེ་ཐུགས་ཡིད་བརྟས་ཤིང་སྤོབས་པ་རྒྱས། སྤྱིར་སློབ་གསོའི་དམིགས་ཡུལ་ནི་སྤྱི་བའི་དོན་དག་ལ་ལས་ཀ་བྱེད་པ་དང་སེམས་ཤུགས་སླེབས་ཐུབ་པའི་མི་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ཡིན། མི་རིགས་གང་ཞིག་དང་ས་ཁུལ་གང་ཞིག་གི་གནས་བབ་དང་། མཁའ་དབུགས་ཡར་རྒྱས་འགྲོ་མིན་ནི་སློབ་གསོར་རག་ལས་ཤིང་། སློབ་གསོའི་དམིགས་ཡུལ་གཙོ་བོ་ནི་འགྲོ་བ་མིའི་ཆ་ཐམས་ཅད་ཡར་རྒྱས་གོང་འཕེལ་དང་། རྨང་གཞིའི་སློབ་གསོ་ཁྱབ་གདལ་དུ་གཏོང་བ། མདོར་ན་སྐད་ཡིག་སློབ་གསོའི་རིན་ཐང་ནི་སློབ་མའི་སློབ་སྦྱོང་ཡར་ཐོན་ལ་སྐུལ་མ་གཏོང་བྱེད་ཅིག་ཡིན།

རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་བོའི་བོད་ཡིག་ཁྲིད་དཔྱོད་ཁང་གི་དགེ་རྒན་རྣམས་ང་ཚོའི་སློབ་གྲྭར་ལྟ་སྦྱོང་དུ་ཕེབས་པ།

ལྟ་སྦྱོང་དགེ་རྒན་རྣམས་སློབ་ཁྲིད་ལ་ཞུགས་པའི་ཡུལ་དངོས།

སློབ་དོན་པ་དགེན་སྒྲོལ་མ་སྐྱབས་ཀྱི་སློབ་ཁྲིད།


བོད་ཡིག་སྡེ་ཁག་གཉིས་ལྷན་དུ་འཛོམས་ནས་བསམ་བློ་བརྗེ་རེས་བྱེད་བཞིན་པ།

སློབ་གཙོ་འཇམ་དཔལ་རྣམ་འཇོམས་ཀྱིས་ལེགས་སྐྱེས་འབུལ་བཞིན་པ།

སློབ་མ་ཚོས་སློབ་ཚན་སྐྱོར་བཞིན་པ།

བོད་ཡིག་ཁྲིད་དཔྱོད་ཁང་གཉིས་ཀྱི་ལྷན་འཛོམས་ཀྱི་མཉམ་པར།

རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་བོའི་བོད་ཡིག་སྡེ་ཁག་གི་གཙོ་འགན་པ་རྟ་མགྲིན་བཀྲ་ཤིས་དང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་བོད་ཡིག་སྡེ་ཁག་གི་གཙོ་འགན་པ་དཀར་མོ་ཡེ་ཤེས།

གསར་འགོད་པ།  དཀར་མོ་ཡེ་ཤེས་ཀྱིས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-11-16 ལྟ་ཀློག (2807)