དགུན་འཁྱག་ཀློང་གི་དྲོད་ཐིགས།

དགུན་འཁྱག་ཀློང་གི་དྲོད་ཐིགས། 

      སྤྱི་ཟླ་11པའི་ཚེས་5ཉིན་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་དུ་2018ལོའི་མཚོ་སྔོན་ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོའི་གསར་གཏོད་འགྲན་སྡུར་སྤེལ་ཅིང་། སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་ཐེངས་འདིའི་ཚོགས་ཐོག་ལ་ཞུགས།  གོ་སྐབས་དེ་དང་བསྟུན་ནས། སློབ་གླིང་དེ་གར་སློབ་གཉེར་ལ་འབད་བཞིན་པའི་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་དང་། རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་གྲོགས་སུམ་ཅུ་ལྷག་གིས་ཁོང་ལ་མཇལ་ཁ་ཞུས་ཤིང་། སློབ་དཔོན་མཆོག་གིས་སློབ་གྲོགས་ཚོར་ཆེད་ལས་ཀྱི་ཕྱོགས་ནས་བཀའ་འདྲི་གནངས། སློབ་གྲྭ་གཉི་གའི་སློབ་གྲོགས་ཚོས་སོ་སོ་གང་ལ་འབད་བཞིན་པའི་སློབ་སྔོན་སློབ་གསོ་དང་།(学前教育) ཡུལ་སྐོར་དོ་དམ།(旅游管理) གློག་རྡུལ་ཚོང་དོན།(电子商务)མཉེན་ཆས་ལག་རྩལ།(软件技术) ཟས་རིགས་གཡོ་སྦྱོར་(烹饪)སོགས་ཆེད་ལས་ཀྱི་ཕྱོགས་ནས་སྙན་ས་ཞིབ་ཏུ་ཕུལ་རྗེས། སློབ་དཔོན་མཆོག་གིས་ཁོ་ཚོར་མིང་སྲིང་ལྟ་བུའི་ཁྱོད་ཚོས་ལས་དང་སྐལ་བ་ཞིག་གིས་སློབ་ཆེན་གཅིག་ནས་མི་ཚེའི་འདུན་མ་མཉམ་དུ་འཚོལ་བའི་གོ་སྐབས་བྱུང་བ་ཡིན་པས། སློབ་གྲོགས་ཕན་ཚུན་ངོ་ཤེས་པ་ཞིག་ཅིས་ཀྱང་བྱེད་དགོས་གསུངས། དེ་ལྟར་དགེ་སློབ་ཚང་མས་ཕ་བུ་འཕྲད་པ་ལྟ་བུའི་དགའ་ཚོར་གྱིས་ཁ་བརྡ་མང་དུ་བྱས་ཤིང་། འདུས་པའི་མཐའ་མར་འབྲལ་དགོས་པའི་ཆོས་ཉིད་ཀྱི་མདུན་སར་མགོ་བོ་སྒུར་དགོས་བྱུང་ཡང་། སློབ་དཔོན་མཆོག་གི་གསེར་ཞལ་མཇལ་བ་དེས་ཟི་ལིང་གི་དགུན་འཁྱག་ན་ལྷག་པའི་སློབ་གྲོགས་ཚོའི་སེམས་པར་དྲོལ་ཁོལ་བློས་མི་དཔོག་པ་ཞིག་སྦྱིན།


 སློབ་དཔོན་དམ་པའི་ཞལ་གསུང་གསེར་ལས་ལྷག

སློབ་དཔོན་མཆོག་དང་ཆེད་ལས་ལག་རྩལ་སྣ་མང་སྦྱོང་བཞིན་པའི་སློབ་མ་རྣམས་ཀྱི་མཉམ་པར། 

 གསར་འགོད་པ། རྭ་རྒྱ་བཀྲ་ཤིས།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2018-11-05 ལྟ་ཀློག (4208)