​རྭ་རྒྱའི་སློབ་གྲྭའི་ཕྱི་འགྲིམས་འབུམ་རམས་སློབ་མ་ལྷ་རྒྱལ་འབུམ།

རྭ་རྒྱའི་སློབ་གྲྭའི་ཕྱི་འགྲིམས་སློབ་མ་འབུམ་རམས་པ་བྱ་གཞུང་ལྷ་རྒྱལ་འབུམ་ལ་དྲ་ལམ་བརྒྱུད་བཅར་འདྲི་བྱས་པ།



1 གསར་འགོད་པ། སློབ་གྲོགས་ལྷ་རྒྱལ་འབུམ །  བདེ་མོ། ཐོག་མར་ཁྱེད་ཀྱིས་ཆེད་སྦྱོང་བོད་ཡིག་གི་ལམ་དུ་བཏོན་ནས་ཕྱི་རྒྱལ་གྱི་འབུམ་རམས་པར་རྒྱུགས་འཕྲོད་པར་རྟེན་འབྲེལ་ཞུ། དེ་དང་འབྲེལ་ནས་ངས་ཁྱོད་ལ་སྐད་ཆ་རེ་འགའ་ཞུ་འདོད་བྱུང་བས་སྐུ་ཉིད་ཀྱིས་དེ་དང་འབྲེལ་ཡོད་ཀྱི་ལན་ཞིག་གནང་ཆོག་གམ།

ལྷ་རྒྱལ་འབུམ ། ཨ་ཁུ་འཇམ་དབྱངས་བདེ་མོ། ཐུགས་རྗེ་ཆེ་ཞུ། ཡ་ཡ་ལོས་ཆོག་ལོས་ཆོག ངས་ཤེས་ཚོད་ཀྱིས་ལན་འདེབས་ཡ།


2 གསར་འགོད་པ། སྔོན་ལ་སྐུ་ཉིད་ཀྱིས་རང་ཉིད་མཚམས་སྦྱོར་ཐུང་ངུ་ཞིག་བྱེད་རོགས།

ལྷ་རྒྱལ་འབུམ ། ཡ་ཡ། ངའི་མིང་ལ་ལྷ་རྒྱལ་འབུམ་ཟེར། ཕ་ཡུལ་མཚོ་ལྷོ་ཁུལ་ཀོས་ནན་རྫོང་བྱ་མདོ་ཡུལ་ཚོ་འབྲོག་རུ་བོན་སྐོར་སྡེ་བའི་ཡིན། ཉིས་སྟོང་གསུམ་ལོར་རྭ་རྒྱའི་སློབ་གྲྭ་སྟེ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ནས་ཉིས་སྟོང་དྲུག་ལོར་མཐར་ཕྱིན། ཉིས་སྟོང་བརྒྱད་ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཕྱི་སྐད་སློབ་གླིང་ལ་ཞུགས་ནས་ཉི་ཧོང་སྐད་སྦྱངས་པ་ཡིན། ད་ལྟ་ཉི་ཧོང་གི་ཕྱོགས་བསྡུས་ཞིབ་འཇུག་སློབ་ཆེན་གྱི་རིག་ཚན་ཞིབ་འཇུག་སྡེ་ཁག་ཡོད་ས་ཨོ་ས་ཀ་གྲོང་ཁྱེར་གྱི་རྒྱལ་གཉེར་མི་རིགས་རིག་པའི་རྟེན་མཛོད་ཁང་(国立民族学博物館)ན་འབུམ་རམས་འདོན་བཞིན་ཡོད།


གསར་འགོད་པ། ཁྱེད་རང་རྭ་རྒྱའི་སློབ་གྲྭའི་ནང་བོད་ཡིག་ཆེད་སྦྱོང་མཐར་ཕྱིན་རྗེས་ཐད་གར་ཕྱི་རྒྱལ་དུ་ཞིབ་འཇུག་དང་འབུམ་རམས་པར་རྒྱུགས་འཕྲོད་པའི་གནས་ཚུལ་ངོ་སྤྲོད་ཅིག་གནང་ན།

ལྷ་རྒྱལ་འབུམ །  ཡ་ལགས། ངས་རྭ་རྒྱ་ནས་བོད་ཡིག་ཆེད་སྦྱོང་བཏོན་མ་མྱོང་། ང་ཚོའི་སྐབས་དེ་ལ་མ་ཡུམ་སློབ་གྲྭར་ད་དུང་ཆེད་སྦྱོང་བཙུགས་མི་འདུག ཡིན་ནའང་ཆེད་སྦྱོང་ཞེས་བཤད་ན་མི་ཆོག་རྒྱུ་མེད་ཀི ཉིས་སྟོང་དྲུག་ལོར་སློབ་མཐར་ཕྱིན་དུས་རྒྱ་བོད་དབྱིན་གསུམ་དང་རྩིས་དངོས་རྫས་གསུམ་སོགས་མང་པོ་ཞིག་བསླབ་ནས་ཐོན་ནའང་ངོམ་ཆོག་པ་དེ་བོད་ཡིག་གཅིག་པུ་རེད། ང་མཐར་ཕྱིན་རྗེས་ཁྱིམ་གྱི་འཁོས་ཀ་ཞན་སྟབས་ལོ་ངོ་གཉིས་ལ་ཕ་ཡུལ་ནས་ཟོག་རྫི་བྱས་ནས་བསྡད་པ་ཡིན། ཉིས་སྟོང་བརྒྱད་ལོའི་སོས་ཀར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་དགུ་བའི་མཐར་ཕྱིན་ཆེད་དེབ་ལྔ་བཅུ་ལྷག་ཡོད་པ་དེ་བཙོངས་པའི་སྒོར་མོ་དང་། དེའི་ཁར་ཡུལ་མི་ཞིག་ལ་སྒོར་ལྔ་བརྒྱ་དྲུག་བརྒྱ་ཞིག་བསྐྱིས་ནས་གསང་སྟབས་ཀྱིས་བྲོས་ནས་ཟི་ལིང་དུས་རབས་གསར་བའི་ལས་རིགས་ལག་རྩལ་སློབ་གྲྭ་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་རྒྱ་ཡིག་དང་ཉི་ཧོང་སྐད་སྦྱངས་པ་ཡིན། ཉིས་སྟོང་བཅུ་གཅིག་ལོར་ཉི་ཧོང་གི་སློབ་གྲྭ་ཆེན་མོ་ཞིག་ལ་རྒྱུགས་སྤྲོད་པའི་གོ་སྐབས་རེག་སོང་། དེ་དུས་ཕར་འགྲོ་སྤྱད་ཀྱི་མཐར་ཕྱིན་འཛིན་ཡིག་སོགས་འདི་གའི་ཡིག་ཚགས་ཚང་མ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐོ་འབྲིང་མཐར་ཕྱིན་འཛིན་ཡིག་དང་ཡིག་ཚགས་དེའི་སྒང་ནས་སྒྲུབ་པ་ཡིན། སློབ་གྲྭ་དེར་དངོས་གཞི་མཐར་ཕྱིན་རྗེས་ཉི་ཧོང་གི་ནུབ་ཕྱོགས་ཀྱི་ཤིས་རོའོ་ཞིས་མ་སློབ་གྲྭ་ཆེན་མོ་(広島大学)ནས་ཞིབ་འཇུག་བཏོན་པ་ཡིན། ཉིས་སྟོང་བཅུ་བདུན་ལོའི་ཟླ་གསུམ་པར་འབུམ་རམས་པར་རྒྱུགས་འཕྲོད་ནས་ད་ལྟ་འབུམ་རམས་པའི་སློབ་རིམ་གཉིས་པའི་སློབ་མ་ཡིན།


4 གསར་འགོད་པ། སྐུ་ཉིད་ཀྱི་ཞིབ་འཇུག་མཐར་ཕྱིན་གྱི་དཔྱད་རྩོམ་གང་གི་སྐོར་ནས་བྲིས་པ་དང་འབུམ་རམས་པའི་ཆེད་ལས་ཅི་ཞིག་ཡིན།

ལྷ་རྒྱལ་འབུམ ། ངའི་ཞིབ་འཇུག་དཔྱད་རྩོམ་༼སྙན་ངག་མེ་ལོང་གི་ལེའུ་གཉིས་པའི་བོད་འགྲེལ་ཁག་ཅིག་ལ་དཔྱད་པ། ༽ཁ་བྱང་འདི་ཡིན། ཉི་ཧོང་སྐད་དུ་བྲིས་པ་ཡིན། ཞིབ་འཇུག་གི་དུས་ཚོད་ཐུང་དྲགས་པ་དང་ལེགས་སྦྱར་སྐད་གསར་དུ་སྦྱོང་དགོས་པའི་ཁར་བོད་ཡིག་སོགས་ཕར་ཉི་ཧོང་སྐད་ལ་བསྒྱུར་དགོས་སྟབས་ལེའུ་གཉིས་པའི་དོན་རྒྱན་སོ་ལྔའི་དང་པོ་རང་བཞིན་བརྗོད་པའི་རྒྱན་གཅིག་པུའི་སྐོར་ནས་མ་གཏོགས་འབྲི་རྒྱུའི་ལོང་མ་བྱུང་། རང་བཞིན་བརྗོད་པ་ཁོ་ན་བྲིས་པ་ལའང་ཤོག་ངོས་ཉིས་བརྒྱ་ལྷག་འདུག ཞིབ་འཇུག་དཔྱད་རྩོམ་སྤྱིའི་ཆ་ནས་ཁག་གཉིས་ཏེ་གཞུང་དངོས་དང་ལོ་ཙཱའི་ཞིབ་འཇུག་འདི་གཉིས་ཡིན། ཁག་དང་པོ་ལ་སྔོན་གླེང་དང་ལེའུ་དང་པོ་ནས་བཞི་བའི་བར་ཡིན། ཁག་གཉིས་པ་ལོ་ཙཱའི་ཞིབ་འཇུག་ལ་གཙོ་བོ་མེ་ལོང་མའི་ལེགས་སྦྱར་མ་དཔེ་དང་རིན་ཆེན་དཔལ་གྱི་རྒྱ་འགྲེལ་༼རང་བཞིན་བརྗོད་པ༽ ཉི་ཧོང་སྐད་དུ་བསྒྱུར་ཡོད་པར་མ་ཟད། བོད་འགྲེལ་༼རང་བཞིན་བརྗོད་པ༽ལ་མཁས་འཇུག་དང་དཔང་ལོའི་འགྲེལ་བ་དང་རིན་སྤུངས་པའི་མི་འཇིགས་སེང་གེའི་ང་རོ། རྒྱལ་དབང་ལྔ་བ་དང་བོད་མཁས་པའི་འགྲེལ་བ། ཁམས་འགྲེལ་སོགས་ཉི་ཧོང་སྐད་དུ་བསྒྱུར་ཡོད། ཞིབ་འཇུག་དཔྱད་རྩོམ་དུ་ཁམས་འགྲེལ་གཙོ་བོ་བྱས་ནས་ས་པཎ་མཆོག་གི་འགྱུར། ཤོང་དཔང་གཉིས་ཀྱི་འགྱུར། སི་ཏུ་པཎ་ཆེན་གྱི་འགྱུར་བཅོས་གསུམ་ཚིག་རིས་གོང་བསྒྲིགས་ནས་ལེགས་སྦྱར་མ་དཔེ་དང་ཞིབ་བསྡུར་བྱས་པ་བརྒྱུད་རང་བཞིན་བརྗོད་པའི་རྒྱན་གྱི་བོད་འགྲེལ་ཁག་གི་ཁྱད་ཆོས་དང་གནད་དོན་དག་ཞིབ་བརྗོད་བྱས་ནས་མཐའ་དཔྱོད་བཏང་ཡོད། དཔྱད་རྩོམ་གྱི་མཇུག་ཏུ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་བརྩམས་པའི་༼བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་བཞག་ཚངས་པའི་ཚད་ཡིག༽་ལས་མགུར་མའི་སྐོར་གྱི་དུམ་ཚན་དེ་ཉི་ཧོང་སྐད་དུ་བསྒྱུར་ཅིང་། མགུར་མ་དང་སྙན་ངག་གི་འབྲེལ་བའི་སྐོར་ནས་ཅུང་ཟད་ཙམ་ཞིག་ཟུར་བཀོད་བྱས་ཡོད། འདི་ཞིབ་འཇུག་གི་སྐོར་ཡིན། ད་མང་མང་ཞིག་གིས་ང་ཚོའི་རིགས་འདི་ལ་བོད་ཀྱི་རིག་གནས་བཙོང་མཁན་ཟེར་ནས་གཤེ་གཤེ་འདྲ་གཏོང་གིན་འདུག དེ་ལ་བདེན་ཤས་ཆེ་ན་ཐང་། ཧ་ཧ་ཧ། ཀུ་རེ་ཡིན། འོ་རེད། འབུམ་རམས་པའི་ཆེད་ལས་མིའི་རིགས་རིག་པ་ཡིན། ཁ་ཕྱོགས་གཙོ་བོ་མདོ་སྨད་ཕྱོགས་ཀྱི་དམངས་ཁྲོད་དད་མོས་དང་ས་གནས་ལོ་རྒྱུས་སྐོར་ཡིན།


གསར་འགོད་པ། ཞིབ་འཇུག་དང་འབུམ་རམས་པར་རྒྱུགས་སྤྲོད་པ་ལ་ཁྱེད་རང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་ཞིག་ཡིན་པའི་ངོས་ཐད་ནས་མི་འདང་བའི་ཆ་དང་བཅོས་བསྒྱུར་བྱ་དགོས་པའི་ཆ་གཙོ་བོ་གང་དག་ཡོད་དམ། 

ལྷ་རྒྱལ་འབུམ ། མ་ཡུམ་སློབ་གྲྭའི་མཐར་ཕྱིན་འཛིན་ཡིག་དེ་མཐོ་འབྲིང་རིམ་པའི་འཛིན་ཡིག་རེད། ཐད་གར་ཞིབ་འཇུག་ལ་རྒྱུགས་སྤྲོད་ཐབས་ཡོད་པ་མ་རེད། རྭ་རྒྱ་ནས་མཐར་ཕྱིན་རྗེས་དངོས་གཞི་ལ་རྒྱུགས་སྤྲོད་དགོས་པ་དང་དེ་ནས་རིམ་གྱིས་ཞིབ་འཇུག་སོགས་རིམ་པར་བརྒྱུད་དགོས་པ་རེད། དང་ཐོག་ཕ་ཡུལ་ནས་ལམ་ལ་ཆས་དུས་ས་མཐའ་ནས་བར་ཆད་ཅི་འབྱུང་མི་ཤེས་སྙམ་ནས་ཕ་ཡུལ་གྱི་ས་སྣ་ཆུ་སྣ་རེ་དང་དད་པའི་རྟེན་ཆུང་ངུ་རེ་ཁུར་ཏེ་དངོས་གཞི་འདོན་དུས་འབུམ་རམས་པ་ཞེས་པ་དེ་ལ་ཁ་ཐག་ཅི་འདྲའི་རིང་ཨང་སྙམ་ནས་ངེས་བར་ཏུ་འབུམ་རམས་པའི་བསླབ་གནས་རྫོགས་རྗེས་ཕྱིར་ཕ་ཡུལ་ལ་ལོག་དགོས་བསམ་མོད། འབུམ་རམས་པའི་དུས་འདི་ལ་སྐྱེས་སྦྱངས་ཀྱི་ཡོན་ཏན་གང་གིས་ཆ་ནས་ཀྱང་དབུལ་བའི་འབུམ་རམས་པ་འདི་འདྲའང་ཡོད་དམ་སྙམ་ནས་གཞན་སུ་ལའང་ང་རང་འབུམ་རམས་པ་ཞིག་ཡིན་ཟེར་རྒྱུར་འཚེར་སྣང་སྐྱེས་ཤིང་། འབུམ་རམས་པའི་ལོ་ཟླ་ནི་ཅི་འདྲའི་དཀའ་སྡུག་ཆེ་བ་ཞིག་དང་། དེ་བས་ཀྱང་བོད་སྐད་ཚིག་གཅིག་ཀྱང་བཤད་ས་མེད་པ་དང་བོད་ཡིག་གི་འབྲུ་གཅིག་ཀྱང་བཀོལ་ས་མེད་པའི་ཕྱི་འགྲིམས་འབུམ་རམས་པའི་འཚོ་བ་དེ་ཁྱེད་རང་ཚོས་བསམ་པ་དེ་འདྲ་ཞིག་རྩ་བ་ཉིད་ནས་མིན་པས་དམ་བཅའ་བརྟན་པོ་ཞིག་ཟེར་ན་འདྲ། ཨུ་ཚུགས་མཁྲེགས་པོ་ཞིག་ངེས་བར་དགོས་འདུག  ཧ་ཧ་ཧ། ཁ་ཡག་ལ་བསྐོར་ན་བརྩོན་པ་ཟེར་དགོས་འདུག ཡིན་ནའང་ང་ལ་བརྩོན་པ་གཏན་ནས་མེད། ཚང་མར་ཨུ་ཚུགས་བྱས་ནས་འོངས་པ་ཡིན།  གོང་གི་དྲི་བ་འདིར་འབྲེལ་བ་ཡོད་མེད་མི་ཤེས་མོད། ཞིབ་འཇུག་ལ་རྒྱུགས་སྤྲོད་དུས་ང་ཚོའི་མ་ཡུམ་སློབ་གྲྭའི་སློབ་མ་ཕལ་ཆེ་བར་རྒྱ་ཡིག་དང་ཆབ་སྲིད་སོགས་ཀྱི་རྒྱུགས་གཞིའི་སྐོར་ནས་དཀའ་ཁག་ཆེན་པོར་འཕྲད་བཞིན་འདུག ཕྱི་རྒྱལ་ཡིན་ན་དེ་འདྲ་མིན་མོད། འདི་རང་རྒྱལ་གྱི་འགྲོ་ཕྱོགས་ཡིན་པས་རྒྱ་ཡིག་སྨྲས་ག་ལ་དགོས། ཆབ་སྲིད་ཕྱོགས་ལ་ངེས་པར་དུ་བློ་སྦྱོང་ཡོད་དགོས། ད་དུང་སློབ་གྲོགས་ཕལ་ཆེ་བ་རྭ་རྒྱ་ནས་སློབ་སྦྱོང་བྱས་པ་དེ་ཁོ་ནས་ཡིད་ཚིམས་པའམ་རྒྱལ་གཉེར་སློབ་གྲྭ་དག་ལ་ཐོན་ན་ང་རྒྱལ་འདྲ་སྐྱེས་ནས་འདུག དེ་རྩ་བ་ནས་ཡག་པོ་ཞིག་མ་རེད། དེ་ནས་བོད་ཡིག་གཏན་ནས་མི་སློབ་པའང་མང་པོ་ཡོད་པ་ཐོས། བོད་ཡིག་གཅིག་པུ་ཟེར་བ་མིན། སློབ་སྦྱོང་གང་ཞིག་བྱེད་ན་མུ་ཞིག་གམ་ཡང་ན་རྒྱུན་ཞིག་ཡོད་ན་འབྲས་བུའང་ལེགས་པོ་ཞིག་སྟོན་རྒྱུ་འདུག 


གསར་འགོད་པ། རྭ་རྒྱའི་སློབ་གྲྭ་རུ་སློབ་གཉེར་གནང་སྐབས་ཁྱེད་ལ་ཁྱིམ་ཚང་གི་ཆ་རྐྱེན་ཅུང་ཞན་པའི་གནས་ཚུལ་ཐོས་མྱོང་། གཏམ་དེ་བདེན་པ་ཡིན་ནམ ། ད་ལྟ་ཁྱེད་ལ་སློབ་ཡོན་དང་འཚོ་བ་སོགས་ཀྱི་ཐད་དཀའ་ངལ་ཡོད་དམ།

ལྷ་རྒྱལ་འབུམ ། བདེན་པ་ཡིན་ནི་རེད། རྭ་རྒྱའི་ལོ་ངོ་གསུམ་གྱི་འཚོ་བ་དེ་བཤད་ན་རྣར་འགྲོ་བ་ཞིག་མིན། མཚམས་ལན་རེ་ངུ་བྲོ་བ་དང་སྐབས་ལན་རེར་དགོད་འཆོར་བ་ཞིག་རེད། ཕ་ཡུལ་ལ་ཁ་ཐག་རིང་བའི་ཁར་ད་ལྟ་ནང་བཞིན་ཁ་པར་སོགས་ག་ལ་ཡོད། བྲོ་ཁ་ཆད་པ་དང་རྐང་མགོར་ལྷམ་གོན་རྒྱུ་མེད་པར་གཉེར་བ་ཨ་ཁུ་བློ་ཉིས་ཀོ་ལྷམ་རྙིང་བ་སྤུས་ལེགས་ཆ་གཅིག་ཕྱིན་པ་དེ་ད་ལྟའང་ད་རུང་སེམས་ན་གསལ་ལྷང་ངེ་འདུག མལ་ཁང་༧-༢༤དེ་དགེ་རྒན་རྣམ་པའི་གསོལ་ཁང་ལ་ཐག་ཉེ་བས་བཞེས་ལྷག་གནང་བ་དང་ལྭ་བའི་གནང་སྦྱིན་སོགས་བགྲང་གིས་མི་ལངས། ད་རུང་སྐབས་དགུ་བའི་ཕུ་ནུ་ང་དྲུག་གི་རོགས་རམ་འོག་སློབ་གྲོགས་ཚོ་དང་ལྷན་མཐར་ཕྱིན་ཁར་སྟོད་ཉི་མ་ལྷ་སར་མཇལ་བསྐོར་དུ་འགྲོ་བའི་སྐལ་བ་ལྡན་སོང་། བརྗེད་རྒྱུ་ཞིག་གང་ན་ཡོད། ཉི་ཧོང་ལ་ཐོན་ནས་ཐོག་མར་སློབ་གྲྭ་འགྲིམ་བཞིན་ཞོར་ལས་བཙལ་བ་ཡིན། ཉི་ཧོང་གི་སློབ་ཡོན་མཐོ་བ་དང་དངོས་པོའི་རིན་གོང་མཐོ་བས་དྲང་མོར་བཤད་ན་དང་ཐོག་མ་ལས་ཤུལ་ན་གཅིག་མེད། དེ་དུས་ང་ཕྱི་འགྲིམས་སློབ་མ་ཞིག་ཡིན་ཟེར་བ་ལས་ཕྱི་འགྲིམས་ཞོར་ལས་པ་ཞིག་ཡིན་ལབ་ན་འགྲིག་འདུག ཕྱིར་དྲན་བྱེད་མི་འདོད་པ་ཞིག་རེད། ཧ་ཧ་ཧ། ད་དེ་ཚོ་བཤད་ནས་ཅི་བྱེད། འདས་སོང་བའི་དོན་དག་རེད། བསྐྱུར་ཞོག དེ་སྔ་ཞིབ་འཇུག་དང་ད་ལྟ་འབུམ་རམས་པར་ཐོན་དུས་སློབ་གྲྭའི་ནང་ཁུལ་ནས་རྒྱུགས་འབྲས་ལེགས་ཤོས་དང་ཕུལ་བྱུང་ཕྱི་འགྲིམས་སློབ་མའི་མིང་ཐོའི་གྲས་སུ་ཚུད་པ་ཙམ་བྱུང་བ་སློབ་ཡོན་སྤྲོད་མི་དགོས་པའི་ཁར་ལོ་ངོ་གཅིག་གཉིས་ལ་སློབ་དངུལ་བྱ་དགའ་འོས་འཚམས་ཤིག་རེག་བཞིན་ཡོད་པས་དཀའ་ངལ་ཆེན་པོ་མེད།


གསར་འགོད་པ། ཉེ་ལམ་ཁྱེད་རང་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཐེངས་ལྔ་བའི་ནང་ཞུགས་པའི་གནས་ཚུལ་ཐོན་འདུག འུ་ཚང་གི་མཐར་ཕྱིན་སློབ་མའི་ཁྲོད་ཕལ་ཆེར་རྒྱལ་སྤྱིའི་གྲོས་ཚོགས་སུ་ཞུགས་པ་ཐེངས་དང་བོ་ཆགས་ཡོད་སྟབས་དེའི་སྐོར་གྱི་གནས་ཚུལ་ཅིག་གསུང་ན།

 ལྷ་རྒྱལ་འབུམ ། ཡ་ཡ། རྒྱལ་སྤྱིའི་སྒང་དུ་བོད་རིག་པའི་སྐོར་ན་གྲོས་ཚོགས་ཆེ་མ་ཆུང་གསུམ་མང་པོ་ཞིག་འདུག གཙོ་བོའམ་ཆེས་ཆེ་བ་དེ་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་དང་རེབ་འདིའི་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་འདི་གཉིས་རེད། རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་དེ་རྒྱ་ཆེན་པོ་འདུག ཚོགས་ཞུགས་པ་བདུན་བརྒྱ་བརྒྱད་བརྒྱ་ལྷག་ཡོད་ཚུལ་ཐོས། ཡིན་ནའང་མཉམ་ཞུགས་བྱས་མ་མྱོང་པས་གསལ་ཁ་མེད། ཐེངས་འདིའི་ཨུ་རུ་སུའི་གནའ་བོའི་རྒྱལ་ས་སན་ཕལ་ཏི་པོག་གི་སློབ་གྲྭ་ཆེན་མོར་བསྡུས་པའི་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཐེངས་ལྔ་བར་རེ་ཞུ་བྱེད་མཁན་མི་ཉིས་བརྒྱ་ལྷག་ལས་ཞིབ་འཇུག་པ་དང་འབུམ་རམས་པ་བདུན་ཅུ་ལྷག་གི་དཔྱད་རྩོམ་བདམས་ཐོན་བྱུང་འདུག སྟབས་ལེགས་པ་ཞིག་ལ་ང་རང་དེའི་གྲས་སུ་ཚུད་འདུག གླེང་རིན་ཡོད་པ་དེ་འདྲ་མ་རེད།


གསར་འགོད་པ། རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཀྱི་ངོ་བོ་ག་འདྲ་ཡིན་པ་དང་། གྲོས་ཚོགས་དེར་ཞུགས་པ་ལ་ངོས་པར་ཚང་དགོས་པའི་ཆ་རྐྱེན་གང་དག་ཡོད་དམ། 
ལྷ་རྒྱལ་འབུམ ། རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་རིག་པར་ཞིབ་འཇུག་བྱེད་པའི་རྒྱལ་སྤྱིའི་སྒང་གི་གཞོན་སྐྱེས་སློབ་མ་དང་འབུམ་རམས་པ་མཐར་ཕྱིན་མ་ཐག་པའི་ཞིབ་འཇུག་བྱེད་མཁན་ཡོངས་ཀྱི་རང་རང་གི་ཞིབ་འཇུག་གི་གྲུབ་འབྲས་སྒྲོག་སྦྱངས་བྱེད་སའི་གར་སྟེགས་ཆེན་པོ་ཞིག་བསྐྲུན་རྒྱུ་དང་བསམ་བློ་བརྗེ་རེས་སམ་བགྲོ་གླེང་བྱེད་ས་སོགས་ཞིབ་འཇུག་གི་ཐད་ནས་རྒྱལ་སྤྱིའི་འབྲེལ་ལམ་ལེགས་པོ་ཞིག་བསྐྲུན་རྒྱུ་དེ་རེད། ལོ་གཉིས་སམ་གསུམ་གྱི་ནང་ཐེངས་རེ་འཚོག་བཞིན་ཡོད་པ་རེད། གྲོས་ཚོགས་ཐེངས་དང་པོ་དེ་ ༢༠༠༧ ལོར་དབྱིན་ཇིའི་རྒྱལ་ས་ལོན་ཏོན་དུ་ཚོགས་ཡོད་པ་དང་། ཐེངས་གཉིས་པ་༢༠༠༩ ལོར་ཧྥ་རན་སིའི་རྒྱལ་ས་ཕ་ལི་ལ་ཚོགས་ཡོད་པ་དང་།  ཐེངས་གསུམ་པ་དེ་༢༠༡༢ལོར་ཉི་ཧོང་གི་ཁོ་བྷེ་སློབ་གྲྭ་ཆེན་མོར་ཚོགས་པ་དང་།  ཐེངས་བཞི་པ་དེ་༢༠༡༥་ལོར་འཇར་མན་གྱི་ལབ་ཙེའི་སློབ་ཆེན་དུ་ཚོགས་ཡོད་པ་རེད། ད་ལོར་ཨུ་རུ་སུའི་སན་ཕལ་ཏི་པོག་སློབ་གྲྭ་ཆེན་མོར་ཚོགས་པ་འདི་ཚོགས་ཐེངས་ལྔ་བ་དེར་ཁེལ་འདུག རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་དང་རེབ་འདིའི་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་འདི་གཉིས་ཀྱི་ཚོགས་ཞུགས་བྱེད་སྟངས་ལའང་ཁྱད་པར་ཆེན་པོ་ཡོད་པ་རེད། ཆེ་བ་དེར་ལོ་ཡུན་ཚད་བཀག་མེད་པ་དང་ཚོགས་ཞུགས་པ་བསྡུ་ཚད་མང་པས་ཅུང་ཞུགས་སླ་བར་ཐོས། འོན་ཀྱང་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་སུ་ཞུགས་པའི་ཆ་རྐྱེན་གཙོ་བོ་དེ་ཞིབ་འཇུག་སློབ་མ་དང་འབུམ་རམས་པ།“འབུམ་རམས་པའི་ལག་ཁྱེར་ཐོབ་ནས་ལོ་དྲུག་ལས་མ་བརྒལ་བ། ཡང་ན་སློབ་གྲྭ་ཆེན་མོའི་གཞུང་ཞབས་ཀྱི་གོ་གནས་ཐོབ་ནས་ལོ་དྲུག་ལས་མ་བརྒལ་བ་དགོས།”ཁྱོད་རང་ཞིབ་འཇུག་སློབ་མ་ཡིན་ན་མཛུབ་སྟོན་དགེ་རྒན་གྱི་འོས་སྦྱོར་ཡི་གེ་ཞིག་དང་། སློབ་གྲྭ་དང་ཞིབ་འཇུག་སྡེ་ཁག་གང་ལའང་མི་གཏོགས་པའི་གཏམ་དཔྱད་སྤེལ་མཁན་ཞིག་ཡིན་ན་ཐད་གར་གྲོས་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་ལ་གནས་ཚུལ་ཞིབ་གསལ་སྙན་ཞུ་བྱེད་དགོས་པ་རེད། གོང་གི་ཆ་རྐྱེན་དེའི་འོག་རྒྱལ་ཁབ་ཕྱི་ནང་དང་ལོ་ཡི་ཆེ་ཆུང་ཆོས་ལུགས་སོགས་ལ་དབྱེ་བ་མེད་པར་བོད་རིག་པའི་ཞིབ་འཇུག་བྱེད་མཁན་སུ་ཡིན་ནའང་ཞུགས་ཆོག་ཆོག་རེད། ཡིན་ནའང་བོད་རིགས་ཚོགས་ཞུགས་པའི་གྲངས་ཀར་ཚད་བཀག་མེད་ཀྱང་ཕྱི་རྒྱལ་ཡིན་ན་རྒྱལ་ཁབ་གཅིག་ལས་མི་གཉིས་མ་གཏོགས་ཞུགས་མི་ཆོག་པར་བྱས་འདུག་མོད། ཚོགས་ཡུལ་གྱི་རྒྱལ་ཁབ་དེ་ལ་དམིགས་གསལ་ཡོད་པ་འདྲ། ཚོགས་ཞུགས་པ་ཚང་མས་དབྱིན་བོད་སྐད་གང་རུང་ཐོག་དཔྱད་རྩོམ་ཞིག་ངེས་པར་སྒྲོགས་སྦྱང་བྱེད་དགོས་པ་རེད།


9 གསར་འགོད་པ། རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་ཞུགས་པ་འདེམས་སྟངས་སོགས་ཀྱི་རྣམ་པ་དེ་གང་འདྲ་ཡིན་ནམ།

ལྷ་རྒྱལ་འབུམ། ཚོགས་ཞུགས་པ་འདེམས་སྟངས་ནི་ཚོགས་ཞུགས་པ་སོ་སོས་ཚོགས་ཐོག་ཏུ་སྒྲོགས་སྦྱང་ཞུ་རྒྱུའི་རྩོམ་ཡིག་གི་ནང་དོན་གནད་བསྡུས་དེ་ཉིད་གོ་སྒྲིག་ཚོགས་ཆུང་གིས་གསང་སྟབས་ཀྱིས་རྒྱལ་ཁབ་འདྲ་མིན་གྱི་སློབ་གྲྭ་ཆེན་མོར་བཞུགས་པའི་བོད་རིག་པའི་ཆེད་མཁས་པ་དག་ལ་ཆེད་དུ་དཔྱད་འདེམས་བྱེད་དུ་འཇུག་གི་ཡོད་པ་རེད། དེ་ཡང་དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་གཅིག་མ་མཐའ་ཡང་ཆེད་མཁས་པ་གཉིས་ནས་གསུམ་ལ་བསྐུར་གྱི་ཡོད་པས། ཚོགས་ཞུགས་པའི་གྲས་སུ་ཚུད་མིན་གྱི་དབང་ཆ་གཙོ་བོ་དེ་ཚོགས་གཙོ་དང་གོ་སྒྲིག་ཚོགས་ཆུང་སུ་གང་ལའང་ཡོད་པ་མ་རེད། དྲང་བདེན་ཡོང་ཆེད་དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་ཡོད་ཚད་གོ་སྒྲིག་ཚོགས་མི་སྒེར་སུ་ལའང་བརྒྱུད་མི་དགོས་པར་དྲ་ཐོག་ཏུ་རེ་ཞུ་བྱེད་མཁན་རང་ངོས་ནས་ཐད་གར་ཐོ་འགོད་བྱེད་ཆོག་པ་དེ་འདྲ་རེད།


10 གསར་འགོད་པ། ཉེ་སྔོན་ཁྱེད་རང་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་བགྲོ་གླེང་ཚོགས་འདུར་ཞུགས་པའི་གོ་རིམ་ཁྲོད་དཀའ་ཁག་དང་མ་འདང་བའི་ཆ་གང་དག་ཡོད། 

ལྷ་རྒྱལ་འབུམ ། རེད་རེད། དཀའ་ཁག་ཡོད་ཐལ། དབྱིན་སྐད་དང་བོད་ཡིག་གཉིས་རེད། དབྱིན་སྐད་བྱང་ཆུབ་པ་ཞིག་མི་ཤེས་པས་ཨུ་རུ་སུའི་རྒྱལ་ཁོངས་ནས་འགྲོ་འོང་བྱེད་དུས་དཀའ་ལས་ཆེན་པོར་ཐུག་སོང་། དེ་མིན་དབྱིན་སྐད་ཀྱི་གཏམ་དཔྱད་ལ་ཞུགས་ཀྱང་ནང་དོན་གསལ་པོ་ཤེས་ཐབ་བྲལ་བས། གོ་སྐབས་ཡོད་ན་དབྱིན་ཡིག་ངེས་བར་ཏུ་སློབ་དགོས་སྙམ་སོང་། གཞན་དེ་བོད་ཡིག་རེད། ཧ་ཧ་ཧ། བོད་ཡིག་ཐད་ནས་དཀའ་ཁག་འདུག་ཟེར་ན་རྣར་མི་འགྲོ་བ་ཞིག་ལོས་ཡིན། གོ་སྒྲིག་ཚོགས་ཆུང་ཁྲོད་ཕྱི་སྡོད་བོད་པ་དང་ཕྱི་གླིང་བ་མང་པས་རྐྱེན་ཡིན་ནམ། གང་ཡིན་མི་ཤེས་མོད། རྒྱུན་པར་གོ་སྒྲིག་ཚོགས་ཆུང་གིས་ཡིག་ཟམ་བརྒྱུད་བོད་ཡིག་སྐུར་ཡོང་བ་དེ་དག་ཀློག་མི་བདེ་བ་དང་། ཐ་ན་ནང་དོན་ཅི་ཞིག་ཡིན་པ་མི་ཤེས་པ་དེ་འདྲའང་མང་པོར་ཐུག་སོང་། ངས་རང་གི་བོད་ཡིག་ཆུ་ཚད་དམན་པས་ལན་ནམ་སྙམ་མོད། བོད་ནང་ནས་ཚོགས་ཞུགས་བྱས་པའི་དགེ་རྒན་སོགས་སྐོར་ཞིག་གིས་དེ་ལྟར་བརྗོད་བཞིན་འདུག དེ་བས་ཐེངས་འདིར་ངས་བསམ་གཟས་ནས་ཡི་གེ་དེ་དག་ཕྱི་ན་བཞུགས་པའི་བོད་པ་རེ་འགར་བསྟན་ནས་ཀློག་བདེ་མིན་དང་ནང་དོན་གོ་མིན་འདྲི་དུས། ཁོ་ཚོས་སྦྱོར་བདེ་ཚུལ་སོགས་ལབ་བྱུང་། སྤྱིར་ན་དོན་དག་ཆུང་ཆུང་ཞིག་ཡིན་པས་གླེང་དགོས་དོན་མེད་མོད། ཆོས་ལུགས་དང་གྲུབ་མཐའ་མི་གཅིག་པ། མདོ་དབུས་ཁམས་གསུམ་དང་། ཡུལ་ལུང་འདྲ་མིན། འཛམ་གླིང་ཤར་ནུབ་ལ་ཕྲེང་རྡོག་བཞིན་འཐོར་བའི་བོད་པ་ཡོངས་བོད་ཡིག་ཅེས་པའི་ཕྲེང་ཐག་བྱིན་ཅན་འདིས་དམ་དུ་སྦྲེལ་ཡོད་པ་འདིའང་ཕྲེང་བའི་མདུད་འཛིན་གྱི་ཚུལ་དུ་བཞུགས་པའི་གངས་རི་དཀར་པོ་དེའི་ཕར་ཚུར་ལ་གཞི་ནས་གྱེས་བཞིན་འདུག་སྙམ་པའི་སེམས་ངལ་ལྷག་མ་ཞིག་སྐྱེས་སོང་།


11 གསར་འགོད་པ། ཁྱེད་རང་འབུམ་རམས་པ་མཐར་ཕྱིན་རྗེས་ཀྱི་དམིགས་ཡུལ་དང་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཡོངས་ལ་བརྗོད་འདོད་པའི་སྐད་ཆ་ཅི་ཞིག་ཡོད། དྲན་ཚུལ་ཙམ་གསུང་རོགས།

ལྷ་རྒྱལ་འབུམ། ཡ་ཡ། ད་རུང་སློབ་མཐར་ཕྱིན་པར་ལོ་ཟླ་ཁ་ཤས་འདུག དཔྱད་རྩོམ་འབྲི་བ་ལ་ཉེ་བར་མཁོ་བའི་རྒྱུ་ཆ་ཅི་རིགས་བསྡུ་རུབ་བྱེད་པའི་སྒང་ཡིན་པས། མ་འོངས་པའི་བྱ་བའམ་ལས་ཀར་འདང་ཞིབ་མོ་བརྒྱབ་མ་མྱོང་།  མཐར་ཕྱིན་རྗེས་རེ་བ་ཡིན་ན་ཕྱིར་ཕ་ཡུལ་ལ་ལོག་ནས་རང་གི་ད་ལྟའི་ཞིབ་འཇུག་གི་ཁ་ཕྱོགས་དང་མཐུན་པའི་ལས་སྣེ་ཞིག་ནས་མུ་མཐུད་དེ་རིག་གཞུང་ཞིབ་འཇུག་གི་ལས་ཀ་ཞིག་བྱེད་ཐུབ་ན་སྙམ་སོང་།  མ་ཡུམ་སློབ་གྲྭའི་དགེ་སློབ་ཡོངས་ལ་སྐུ་ལ་ན་ཚ་མེད་པ་དང་བཞེད་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ལས་གཞན་མེད་ལགས།


12 གསར་འགོད་པ། སློབ་སྦྱོང་གི་བྲེལ་གསེང་ཁྲོད་ཁྱེད་ཀྱིས་མ་ཡུམ་སློབ་གླིང་གི་དྲ་ཚིགས་རྩོམ་སྒྲིག་པའི་དྲ་ལམ་བཅར་འདྲི་དེང་ལེན་བྱས་པར་བཀའ་དྲིན་ཆེ། དེ་བས་ཐེངས་འདིར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་ཚིགས་རྩོམ་སྒྲིག་པ་རྣམས་གཙོས་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་ཡོངས་ཀྱི་ཚབ་བྱས་ཏེ་ཁྱེད་སློབ་སྦྱོང་གི་འབྲས་བུ་གཡུར་དུ་ཟ་བ་དང་ཚེ་རིང་ནད་མེད་ཡོང་བའི་སྨོན་འདུན་སྙིང་ནས་ཞུ།   ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།

ལྷ་རྒྱལ་འབུམ ། ཡ་ཡ། ཐུགས་རྗེ་ཆེ་ཞུ། ཉོག་བཤད་ལུང་པ་གང་བྱས་སོང་། ཚང་མ་དགོངས་འགལ་མེད་པར་ཞུ། བཀྲ་ཤིས་བདེ་ལེགས།

 ཕ་ཡུལ་དུ་ཕྱུགས་རྫི་བྱེད་དུས།      


ཉི་ཧོང་གི་འབྲས་ཞིང་ཁར་ཡུར་མ་ཡུར་བཞིན་པའི་རྣམ་པ།

རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཐེངས་ལྔ་བའི་ཚོགས་ཞུགས་པ་ཡོངས་ཀྱི་མཉམ་པར།

དཔྱད་རྩོམ་སྒྲོགས་སྦྱང་བྱེད་བཞིན་པའི་རྣམ་པ།


ཞིབ་འཇུག་དཔྱད་རྩོམ་དང་དེའི་དཀར་ཆག


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2018-09-23 ལྟ་ཀློག (8706)