དགེ་རྒན་དུས་ཆེན་ལ་ཕུལ་བའི་སེམས་འདུན།

དགེ་རྒན་དུས་ཆེན་ལ་ཕུལ་བའི་སེམས་འདུན་གཙང་མ།


ཕྱི་འགྲིམས་སློབ་མ་འབུམ་རམས་པ་བྱ་གཞུང་ལྷ་རྒྱལ་འབུམ་གྱིས་ཨུ་རུ་སུ་ནས་དགེ་རྒན་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།

དགེ་རྒན་དུས་ཆེན་ལ་བཀའ་དྲིན་རི་རབ་ལས་མཐོ་བའི་མ་ཡུམ་ཤེས་རིག་ནོར་བུའི་སློབ་གླིང་གི་མགོན་དགེ་བའི་བཤེས་གཉེན་རྣམ་པ་དང་། གཞན་ཡང་བོད་ཁམས་ཡོངས་ཀྱི་དགེ་རྒན་བཀའ་དྲིན་ཅན་དག་ལ་སྐུ་ལ་ན་ཚ་མེད་པ་དང་། བཞེད་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུ་ཞུ།

ཞེས་ཟླ་ཚེས་བཟང་པོ་ལ་བྱ་གཞུང་ལྷ་རྒྱལ་འབུམ་གྱིས་ཨུ་རུ་སུ་ནས་ཉི་ཧོང་ལ་ལོག་པའི་གནམ་གྲུའི་ནང་དུ།


བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྲི་གླིང་བ་པདྨ་ཡང་གསང་གིས་དགེ་རྒན་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།

རིགས་ཀྱི་རྒུད་པ་མ་བཟོད་པར།།

བསམ་བཞིན་བྱོན་པའི་སེམས་དཔའ་ཆེ།།

ཚེ་སྲོག་འོད་ལ་བསྟིམས་པ་ཡི།།

དགེ་རྒན་རྣམ་པའི་སྐུ་ཚེ་བརྟན།།  

ཅེས་ཁྲི་གླིང་པདྨ་ཡང་གསང་གིས་ཆུ་མིག་ལྔ་ལྡན་གྲོང་ནས་དགེ་རྒན་དུས་ཆེན་ལ་ཕུལ་བའོ།།


གངས་ལྗོངས་དགའ་ཡ་བོད་ལྭ་སྤྱི་གཉེར་ཁང་གི་འགན་འཛིན་པ་དཔའ་ལུང་བ་ཤེས་རབ་རྒྱ་མཚོས་དགེ་རྒན་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།

           ང་ཡི་སློབ་དཔོན།

གང་གི་མཁྱེན་རབ་ནམ་མཁའ་ཡངས་པ་ལས།།

ལེགས་བཤད་བདུད་རྩིའི་ཆར་རྒྱུན་བར་མེད་འཕྱོ།།

 ཕན་བདེའི་ལེགས་ཚོགས་དགེ་བའི་འོད་སྣང་གིས།།

ས་ཆེན་མུན་པའི་སྨག་རུམ་གསལ་བར་བྱེད།།

 

དྲི་མེད་ལྷག་བསམ་གཙང་མའི་ཆུ་ཤེལ་ངོས།།

 གངས་ཕྲུག་སྟོང་གི་ཕུགས་འདུན་འོད་དུ་ཤར།།

ཤེས་རིག་གླིང་དུ་ཤེས་བྱའི་སྒོ་མོ་འབྱེད།།

ཐབས་མཁས་ཐུགས་རྗེ་ལྡན་ལ་གུས་ཕྱག་འབུལ།།

 

སྐད་དང་ཡི་གེ་སྲོལ་རྒྱུན་རིག་པའི་བཅུད།།

གླིང་བཞིར་དྲངས་ལ་དཔའ་བའི་སྙིང་སྟོབས་ཅན།།

འགྲོ་བའི་དོན་དུ་ངལ་བ་ལྷུར་ལེན་པའི།།

སེམས་དཔའ་ཁྱེད་ཅག་གངས་རིའི་རྒྱན་དུ་འཁྲུངས།།

སློབ་དཔོན་བཀའ་དྲིན་ཅན་རྣམས་དབུ་མཛད་པའི་འཛམ་བུ་གླིང་གི་དགེ་རྒན་ཡོངས་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུ།

ཞེས་སློབ་བུའི་གྲལ་མཐའ་བ་དཔའ་ལུང་ཤེས་རབ་རྒྱ་མཚོས།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་སྨན་དམིགས་བུ་ལགས་ཀྱིས་དགེ་རྒན་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།

ངའི་སྤྱི་གཙུག་གི་ནོར་བུ།

         ------ སྨན་དམིགས་བུས།

ཤེས་རིག་གི་སྒྲོན་མེ་གངས་ཡུལ་དུ་སྒྲོན་ཞིང་།

ལྷག་བསམ་གྱི་མར་མེ་མི་ཡུལ་ལ་སྤར་མཁན།

མུན་སེལ་གྱི་ཉི་མ།

བྱམས་བརྩེ་གངས་ཀྱི་རང་མདངས་མི་ཡུལ་དུ་བལྟམས་ཤིང་།

བདམས་ངག་བདུད་རྩིའི་ཆབ་རྒྱུན་བོད་ཡུལ་དུ་དྲངས་པའི།

རིག་པའི་དེད་དཔོནལྷག

ཚུལ་ཁྲིམས་ཀྱི་དྲི་མ་མ་ཡལ་ལ།

ངུར་སྨུག་གི་གོས་དང་མ་བྲལ་བའི།

ཐུབ་པའི་རྗེས་འཇུག་པ།

 

ཕ་སྐད་ཀྱི་མེ་རོ་གསོས་ཤིང་།

སྲོལ་རྒྱུན་གྱི་སྲོག་རྩ་མཐུད་པའི།

གངས་ལྗོངས་ཀྱི་ཡབ་ཆེན་དམ་པ།

 

ཤེས་རིག་གི་བདུད་རྩི་མངར་མོ།

སློབ་བུ་ཚོར་ཅི་འདོད་སྩོལ་བའི།

རིག་པའི་ལྡེ་མིག

མ་རིག་གི་མུན་པ་སེལ་ལ་དཔའ་ཞིང་།

ཤེས་རིག་གི་བློ་སྤོབས་རྒྱས་ལ་སྤྲོ་བའི།

ངའི་སྤྱི་གཙུག་གི་ནོར་བུ།

ང་ཡི་སློབ་དཔོན་ལགས།  དགེ་རྒན་དམ་པ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཡོངས་དབུ་མཛད་པའི་ལྷག་བསམ་གྱིས་ཕྱུག་པའི་འཛམ་བུ་གླིང་གི་དགེ་རྒན་ཡོངས་ལ་རྒྱལ་སྤྱིའི་དགེ་རྒན་དུས་ཆེན་དང་འབྲེལ་ནས་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུ།


གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་སྤྱི་གཉེར་བ་པདྨ་མཁའ་འགྲོ་ལགས་ཀྱིས་དགེ་རྒན་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།

 

     ཤེས་རིག་གི་འོ་མའི་ཀློང་ནས་ཡོན་ཏན་གྱི་མར་ལོ་བསྲུབས་པའི་སེམས་དཔའ་ཆེན་མོ། མི་ཚེ་ཡི་གྲུ་བོ་ཆེ་ལ་དོན་ལྡན་གྱི་གཟེངས་ཁེམ་འདེགས་མཁས་དེད་དཔོན་ཆེན་མོ བཤེས་གཉེན་ལགས། ཁྱེད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཡང་ནས་ཡང་དུ་ཞུ།

པད་མ་མཁའ་འགྲོ་ནས།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འབའ་སྣང་གྲོལ་གྱིས་དགེ་རྒན་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།

 རྒྱལ་བ་ཀུན་གྱི་གསང་གསུམ་སྒྱུ་མའི་གར།།

གཅིག་ཏུ་རོལ་བ་བརྩེ་ཆེན་སྙིང་རྗེའི་གཟུགས།།།

འདི་ཕྱིིའི་ལེགས་ཚོགས་རྩ་ལག་ཀུན་གྱི་གཞི།།

བླ་མ་དམ་པའི་ཞབས་པད་བསྐལ་བརྒྱར་བརྟན།།

འབའ་སྣང་གྲོལ་གྱིས།


ཁ་སྒང་གཡང་འབུམ་ཚེ་རིང་གིས་ཧྥ་རིན་སུ་ནས་དགེ་རྒན་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།

མཁྱེན་དཔྱོད་ཟབ་མོའི་འོད་ཟེར་སྟོང་གིས་གདུལ་བྱའི་ཡིད་ཀྱི་མུན་པ་འཇོམས།།
བརྩེ་སེམས་དྭངས་མོའི་བདུད་རྩིའི་ཐིགས་པས་ཉམ་ཐག་ཚོགས་ཀྱི་གདུང་བ་སེལ།།
ལྷག་བསམ་རྣལ་མའི་བྱ་བཞག་དཀར་པོ་རང་རིགས་ཆེད་དུ་སྟིམ་མཛད་པའི།།
དྲིན་གཅིག་བཤེས་གཉེན་སྲིད་པའི་སྒྲོན་མེ་བསྐལ་བའི་བར་དུ་བརྟན་པར་སྨོན།།
ཞེས་བདག་ལ་དྲིན་གྱིས་བསྐྱངས་པའི་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་རྣམ་པར་དགེ་རྒན་དུས་ཆེན་གྱི་ཉིན་མོར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཀྱི་ཤིས་ཚིག་ཅིག་གི་ཚུལ་དུ།སློབ་བུའི་གྲལ་མཐའ་བ་ཁ་སྒང་གཡང་འབུམ་ཚེ་རིང་གིས།
           ༢༠༡༨/༠༩/༡༠
           ཧྥ་རན་སི་ནས་ཕུལ།



བེེ་རོ་ཙ་ན་སློབ་གསོའི་གླིང་གི་སྤྱི་ཁྱབ་འགན་འཛིན་པ་གངས་ཅན་དབྱངས་འཚོས་དགེ་རྒན་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།

འཁོས་ཆུང་རིག་པར་བློ་གྲོས་སྣང་བས་འཚོས། །
རྨོངས་པའི་ལོག་སྤྱོད་བརྩེ་ཞེན་ཐབས་ཀྱིས་བསྒྱུར། །
རིང་ནས་མི་ཚེའི་རྨི་ལམ་སྟོར་བའི་བུར། །
འདི་ནས་རྨི་ལམ་སྟོང་ལ་འཁྱུད་པར་བྱས། །
ཞེས་མ་ཡུམ་སློབ་གྲྭའི་བཤེས་གཉེན་རྣམས་མམ་དགེ་རྒན་དུས་ཆེན་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་གངས་ཅན་དབྱངས་འཚོས་རྒྱ་ནག་ཁྲིན་ཏུའུ་ནས།
༢༠༡༨/༩/༡༠



དགེན་སྐུ་དྲིན་ཅན་གྱི་དུས་ཆེན་བསུ།

  སང་ཉིན་ནི་གཞན་དང་མི་མཚུངས་པའི་ཉི་མ་ཞིག   མ་རིག་མུན་པ་སེལ་ཞིང་།
ལེགས་ཚོགས་གང་འདོད་སྩོལ་བའི་བཀའ་དྲིན་ཅན་གྱི་དགེ་རྒན་དམ་པའི་དུས་ཆེན་ཡིན།
ངས་ས་ལྒང་འདིའི་སློབ་བུ་ཡོངས་ཀྱི་ཚབ་བྱས་ཏེ་ལྷག་བསམ་དང་གཞན་ཕན་གྱིས་ཕྱུག་པའི་དགེན་ལགས་ལ་སྒོ་གསུམ་གུས་ཕྱག་དང་དུས་ཆེན་ལ་རྟེན་འབྲེལ་ཡང་ཡང་ཞུ།  མཐར་སྐུ་ཚེ་བརྟན་ཞིང་ཐུགས་བཞེད་འགྲུབ་པའི་སྨོན་ལམ་འདེབས།
དགའ་བའི་སྒྲོ་གཤོག་སོར་བཅུའི་འདབས་མར་ཕྱོགས།།

མགོན་པོ་དོན་གྲུབ་གྱིས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-09-10 ལྟ་ཀློག (20836)