རྭ་རྒྱ་ཙན་འགུ་སྡེ་བས་དམངས་སྒོར་ཁྲི་ལྔ་བཅུ་ང་བཞི་ལྷག་ཞལ་འདེབས་ཕུལ་བ།

 གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མའི་མལ་ཁང་

གསར་བཞེངས་ཐད་རྭ་རྒྱ་ཙན་འགུ་སྡེ་བས་

དམངས་སྒོར་ཁྲི་ལྔ་བཅུ་ང་བཞི་ལྷག་

ཞལ་འདེབས་ཕུལ་བ།

      དེ་རིང་སྟེ་སྤྱི་ལོ་2018 ལོའི་སྤྱི་ཟླ་9ཚེས་8 ཉིན་གྱི་ཞོགས་པར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་མི་ཚོགས་མང་བོས་འཚང་ཁ་ཤིག་ཤིག་བྱེད་ཀྱིན་འདུག་ལ། སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ་ཚང་མ་ཡང་བྲེལ་ཟིང་ངང་ད་ལོའི་གསར་ཞུགས་སློབ་མའི་རྒྱུགས་ལེན་གྱི་ལས་ལ་ཁོམ་གྱིན་མི་འདུག  ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་གསར་ཞུགས་སློབ་མ་དང་ཁྱིམ་བདག་མང་བོས་སློབ་གྲྭའི་ཕྱི་ནང་ཡོངས་སུ་གཏམས་པའི་ངང་ཚུལ་འདིས། མ་གཞི་གནས་འདི་ནས་ཁོ་ཚོས་ཅི་ཞིག་བོར་སོང་བ་ནང་བཞིན་འཚབ་འཚུབ་ཀྱི་རྣམ་པས་མིག་ཟུང་ཧྲིག་ཧྲིག་གིས་འཚོལ་བཞིན་པར་སྣང་།

    དེ་ནས་ཅུང་ཙམ་འགོར་རྗེས་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་ཙན་འགུ་སྡེ་བའི་འགོ་ཁྲིད་གཙོས་མི་སྣ་སྐོར་ཞིག་ཆེད་ཕེབས་ཀྱིས་ངེད་སྡེ་བའི་མང་ཚོགས་ཡོངས་ཀྱིས་མ་བགྲོས་གཅིག་མཐུན་གྱི་སྒོ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མའི་མལ་ཁང་གསར་བཞེངས་ཀྱི་ཞལ་འདེབས་སུ་དམངས་སྒོར་ཁྲི་ལྔ་བཅུ་ང་བཞི་དང་དྲུག་སྟོང་དྲུག་བརྒྱ་དྲུག་ཅུ་རེ་དྲུག་༼546666༽འབུལ་རྒྱུར་མོས་མཐུན་བྱུང་བ་ཡིན་ཞེས་དེ་རིང་དངོས་སུ་སྒོར་མོ་བསྐྱལ་ཏེ་འོང་བ་རེད།  འདི་ནི་སྤྱིར་བཏང་གི་འབྲོག་སྡེ་ཆུང་ཆུང་འདིས་བོད་ཀྱི་སློབ་གསོ་བ་ཁོང་གི་རླབས་ཆེན་གྱི་བྱ་གཞག་མཐའ་དག་དང་། སྒོས་སུ་བོད་གངས་ཅན་གྱི་སློབ་གསོ་ལ་ཕུལ་བའི་སེམས་འདུན་དྲོད་མོ་ཞིག་ཡིན་པ་སྨྲོས་ཅི་དགོས།   དེ་བས་གཞི་རིམ་མང་ཚོགས་ཀྱིས་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བ་འདིས་ཀྱང་བོད་ཀྱི་བྱིས་པ་རྣམས་ཤེས་རིག་གི་རྨོངས་གཉིད་ལས་གྲོལ་ཞིང་དམ་པ་ཁོང་གི་ཐུགས་བཞེད་མཐའ་དག་གེགས་མེད་ལྷུན་གྲུབ་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད་པ་ལགས་སོ། ། བཀྲ་ཤིས་པར་གྱུར་ཅིག །

རྭ་རྒྱ་ཙན་འགུ་སྡེ་བས་དམངས་སྒོར་ཁྲི་ལྔ་བཅུ་ང་བཞིའི་ཞལ་འདེབས་ཕུལ་བ།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་དང་ཙན་འགུ་སྡེ་བའི་འཐུས་ཚབ་མི་སྣའི་མཉམ་པར།

 གསར་འགྱུར་མཁོ་སྤྲོད་པ།  འབྲོག་མིའི་སྣང་གསལ་ཚོགས་པས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-09-08 ལྟ་ཀློག (9139)