རྭ་རྒྱའི་སློབ་གྲྭའི་འབུམ་རམས་པ་ཐོག་མ།

 

རྭ་རྒྱའི་སློབ་གྲྭའི་འབུམ་རམས་པ་ཐོག་མ་ཁྲི་གླིང་པད་མ་ཡང་གསང་ལགས་ལ་ཉེ་བར་བཅར་བ། 

གསར་འགོད་པ།  འབའ་སྣང་གྲོལ།

  ཁྲི་གླིང་པད་མ་ཡང་གསང་ལགས་ནི་མདོ་སྨད་ཁྲི་ཀའི་ཡུལ་དུ་སྐྱེས་ཤིང་།  ༡༩༩༨ལོར་སློབ་འབྲིང་ལ་ཞུགས།   ༢༠༠༠ལོར་སློབ་འབྲིང་མཐར་ཕྱིན་རྗེས་ཁྱིམ་གྱི་གནས་ཚུལ་དམིགས་བསལ་བས་སློབ་བྱོལ་བྱེད་དགོས་བྱུང་ཞིང་།   ལོ་བཞི་ལ་ཁྱིམ་གྱི་འཚོ་བའི་དཀའ་ཁག་དང་ཕ་མ་གཉིས་འགན་ཁུར་ཅུང་ཡང་དུ་གཏོང་སླད་སོ་ནམ་དང་ཞོར་ལས་སོགས་ལས་ཀ་དུ་མ་ཞིག་ལ་ཞུགས།    ༢༠༠༤ལོར་སླར་ཡང་ཕུགས་བསམ་ཞེ་ལ་བཅག་ནས་དཀའ་ཁག་ཇི་འདྲ་ཆེ་ནའང་དམ་བཅའ་བརྟན་པོའི་ངང་རྭ་རྒྱ་ཤེས་རིག་སློབ་གླིང་དུ་ཞུགས་ནས་༢༠༠༧ལོའི་སྐབས་བཅུ་བའི་མཐར་ཕྱིན་འཛིན་གྲྭའི་ཁྲོད་སློབ་མཐར་ཕྱིན།   དེའི་རྗེས་སུ་འབད་བརྩོན་དང་སྙིང་རུས་བསྐྱེད་དེ་ཐོག་མའི་ཕུགས་བསམ་གྱི་དམ་བཅའ་མ་ལྷོད་པར་ནུབ་བྱང་སློབ་ཆེན་ནས་ཆེད་སྦྱོང་དང་དངོས་འཕར་ལ་ཞུགས་ནས་སློབ་མཐར་ཕྱིན་ཞིང་།  ༢༠༡༠ལོར་མཐར་ཕྱིན་རྗེས་བོད་ལྗོངས་སློབ་ཆེན་དུ་རབ་འབྱམས་ཞིབ་འཇུག་སློབ་མར་ཡིག་ཚད་ལོན་ནས་སློབ་གླིང་དེ་གར་ཞུགས་ཏེ་༢༠༡༣ལོར་༼དཔལ་རྒྱལ་བ་ཇོ་ནང་བའི་དབུ་མ་གཞན་སྟོང་གི་ལྟ་བའི་འབྱུང་ཁུངས་ལ་དཔྱད་པ༽ཞེས་པའི་རྩོམ་ཡིག་གིས་མཐར་ཕྱིན་དམ་བཅའ་གཟི་བརྗིད་ངང་བཞག་སྟེ་སློབ་མཐར་ཕྱིན། ལོ་དེའི་སྟོན་ཀར་བོད་རང་སྐྱོང་ལྗོངས་ཀྱི་གཞུང་རྒྱུགས་སྤྲད་དེ་བོད་ལྗོངས་སློབ་ཆེན་དུ་དགེ་རྒན་གྱི་ལས་གནས་སུ་ཞུགས་ནས་སློབ་ཁྲིད་གནང་ཞིང་།  ༢༠༡༨ལོའི་ཟླ་༥བར་ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པར་ཡིག་ཚད་ལོན་ནས་ཁོའི་ཐོག་མའི་ཕུགས་བསམ་ལ་རྒྱལ་ཁའི་གྲུབ་འབྲས་ཐོབ།

   ཁོང་ནི་དེང་གི་ཅོལ་ཆུང་སློབ་གཉེར་བ་དག་དང་གཏན་ནས་མི་འཚུངས་པར་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ཉིན་མཚན་མེད་པར་ཁུ་སིམ་མེར་སློབ་ལ་བརྩོན་མཁན་ཞིག་ཡིན་པར་མ་ཟད།   ཁོང་གིས་གང་ཤེས་ཧ་ཅང་མངོན་ཆུང་གིས་རང་རྒྱུད་ལ་སྦྱོར་ཇི་ཐུབ་གནང་བ་ཞིག་དང་། དོན་མེད་ཆགས་སྡང་གི་བབ་ཅོལ་ལ་གཡོལ་ཇི་ཐུབ་གནང་བའི་སྨྲ་བ་སྐྱུང་མཁན་ཞིག་ཀྱང་ཡིན།   གཞན་དབྱར་དགུན་གནང་གི་སྐབས་སོགས་ཅུང་ཁོམ་པ་ཡོད་དུས་མགྱོགས་པོ་ཕྱིར་ཕ་ཡུལ་ལོག་སྟེ་ཕྱུགས་ཟོག་འཚོ་བ་དང་སོ་ནམ་བྱེད་པ་སོགས་ཕ་མ་གཉིས་ལ་སྲི་ཞུ་གང་ཐུབ་གནང་བཞིན་ཡོད།  

   ཁོང་གི་དཔྱད་རྩོམ་གྱི་སྐོར་ལ། ༼སྲོལ་རྒྱུན་སྙན་ངག་གི་ལུས་སྲོག་རྒྱན་གསུམ་དང་འབྲེལ་ཏེ་སྙན་ངག་གསར་བའི་འབྱུང་ཁུངས་ལ་དཔྱད་པ༽། ༼ཇོ་ནང་ལྕམ་མདའ་དགོན་པའི་ལོ་རྒྱུས་ཉམས་ཞིབ༽། ༼ནང་ཆོས་མ་དར་གོང་གི་རྒྱ་གར་གྱི་གྲུབ་མཐའ་ཁག་ལ་རོབ་ཙམ་དཔྱད་པ༽།༼སི་ཏུའི་ཞལ་ལུང་གི་དོགས་ལན་ལ་དཔྱད་པ༽། ༼སློབ་ཆེན་སློབ་མའི་སློབ་སྦྱོང་བྱེད་ཚུལ་རོབ་ཙམ་བརྗོད་པ༽། ༼དབུ་མ་གཞན་སྟོང་གི་ལྟ་བ་བོད་གངས་ཅན་དུ་ཐོག་མར་དར་ཚུལ༽སོགས་བོད་རྒྱ་ཡིག་རིགས་ཀྱི་དཔྱད་རྩོམ་བཅུ་གྲངས་ལ་ཉེ་བ་༼བོད་ལྗོངས་ཞིབ་འཇུག༽དང་།༼བོད་ལྗོངས་སློབ་ཆེན་གྱི་རིག་དེབ༽། ༼བོད་ལྗོངས་ནང་བསྟན༽ སོགས་སུ་བཀོད་ཡོད་པ་དང་།  གཤམ་དུ་སློབ་གྲོགས་ཁོའི་ཉེ་གམ་ལ་ཆེད་བཅར་གྱིས་རྭ་རྒྱའི་སློབ་མ་དང་འབྲེལ་བའི་བཅར་འདྲི་ཐུང་ཐུང་ཞིག་བྱས་ཡོད། 

གསར་འགོད་པ།  སློབ་གྲོགས་པད་མ་ཡང་གསང་།   བདེ་མོ།  ཐོག་མར་ཁྱེད་ཀྱིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཡོངས་ཀྱི་ཚབ་བྱས་ཏེ་ངས་འདི་ནས་སེམས་གཏིང་ནས་རྟེན་འབྲེལ་ཞུས་པ་ཡིན།  དེ་ནས་ངས་ཁྱོད་ལ་སྐད་ཆ་འགའ་རེ་བཅར་འདྲི་ཞུ་ན་འདོད། 

ཁྲི་གླིང་བ།  ཡ་ཡ། ཐུགས་རྗེ་ཆེ།

གསར་འགོད་པ།    ཁྱོད་རང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་ཞིག་ཡིན་པའི་ངོས་ནས་འབུམ་རམས་ཞིབ་འཇུག་སློབ་མ་འགྲིམས་པའི་བརྒྱུད་རིམ་ཁྲོད་ནམ་རྒྱུན་སློབ་སྦྱོང་དང་དེའི་ཕྱོགས་ཀྱི་ཁ་ཕྱོགས་ཇི་ལྟར་བཟུང་བ་ཡིན།  དེའི་ཕྱོགས་ནས་ཁ་བརྡ་ཞིག་བྱས་ན།

ཁྲི་གླིང་བ། ཡ་ཡ། ལན་འདི་འདེབས་པར་སྔོན་ལ་ངས་རང་གི་སློབ་སྦྱོང་གི་མྱོང་ཚོར་ཙམ་བཤད། སྤྱིར་ན་སྔོན་བྱོན་མཁས་ཆེན་དག་གི་རྣམ་ཐར་ལ་མཇལ་ཐེངས་རེར། མཁས་པ་ཞིག་ཡིན་ན་ཐོག་མར་དཔའ་བོ་ཡུན་བརྟན་པ་ཞིག་ཡིན་དགོས་པའི་རྣམ་རྟོག་ཅིག་ངའི་ཡིད་ལ་ལན་གཅིག་མིན་པར་འཆར་ཡོང་གི འདིར་དཔའ་བོ་ཡུན་བརྟན་པ་ཟེར་བ་ནི་སྐབས་ཐོག་ཙམ་གྱི་དགྲ་ལ་ཐུག་དུས་སྙིང་ཁམས་ཆེ་བ་ཙམ་ལ་ཟེར་བ་མིན་ཏེ། མཁས་པའི་རྒྱལ་ཐོབ་ཟིན་དགོས་ན་ཕལ་ཆེར་མི་ཚེ་གཅིག་ལ་སློབ་སྦྱོང་བྱེད་དགོས་ཤིང་། དེ་ལྟ་བུའི་སློབ་སྦྱོང་ལ་བགེགས་བར་ཆད་ཤིན་ཏུ་ཆེ་བས། དེའི་དགྲ་བོར་ཡུན་རིང་འཐབ་ཏེ་རྒྱལ་བ་ན་གཞི་ནས་མཁས་པའི་ས་ཟིན་གི དེ་ལས་ལྡོག་ཚེ་ལོ་རྒྱུས་ཀྱིས་བརྗེད་འགྲོ་བའི་སྤྱིར་བཏང་གི་མི་ཞིག་གོ།། དེ་བས་སྐྱེས་ཆེན་ཚོའི་རྣམ་ཐར་ལ་མཇལ་ཚེ། ཁོང་རྣམ་པས་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ལུས་སེམས་གཉི་གའི་དཀའ་སྡུག་དཔག་ཏུ་མེད་པ་ཞིག་བཟོད་པར་བྱས་ཡོད་པ་ནི་མདོར་ན་དཔའ་བོ་ཡ་མེད་ཡིན་པའི་རྟགས་རེད། ངས་ནི་ནམ་རྒྱུན་རང་གི་སློབ་སྦྱོང་གི་གོ་རིམ་ཁྲོད་དཀའ་ཁག་ཐེག་དཀའ་བར་འཕྲད་ཚེ་སྔོན་མའི་མཁས་ཆེན་ཚོའི་རྣམ་ཐར་ལ་མཇལ་བ་ཡིན། དེ་ལྟར་བྱས་ཚེ་དཀའ་ཁག་སེལ་བའི་སེམས་ཤུགས་ཡ་མཚན་རེ་སྐྱེས་ཀི། གང་ཡིན་ཟེར་ན། ཁོང་རྣམ་པར་ངའི་དཀའ་ཁག་འདི་ལས་བརྒྱ་འགྱུར་དང་སྟོང་འགྱུར་ལ་འཕྲད་ཀྱང་དཔའ་སྤུ་ཙམ་ཡང་ཞུམ་མ་མྱོང་བར་མདུན་དུ་བསྐྱོད་ཡོད་པ་རེད། མྱོང་ཚོར་འདི་བཤད་པ་ནི་ང་རང་མཁས་པའམ་མཁས་པ་ཆགས་དགོས་ཟེར་བ་མིན་ཏེ། དྲི་བ་འདིའི་མདོ་དོན་སློབ་སྦྱོང་གི་ཁ་ཕྱོགས་ལ་འབྲེལ་བ་ཡོད་པས་ཡིན། མདོར་ན་ངས་ནི་གུང་ཐང་རིན་པོ་ཆེས། བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཅིག་ཨང་།། གསུངས་པ་བཞིན་རང་ཉིད་སྒྱིད་ལུག་ཆེ་ནའང་། གང་ལ་དགའ་སའི་རིག་ཚན་ནམ་རང་གི་དམིགས་སའི་ཡུལ་དང་འབྲེལ་བའི་དཔེ་དེབ་དག་ལག་ནས་མ་བོར་ཙམ་ལ་ནམ་རྒྱུན་འབད་ཁུལ་བྱས་པ་ཡིན།

གསར་འགོད་པ།  ང་ཚོ་རྭ་རྒྱའི་སློབ་མ་རྣམས་མ་ཡུམ་སློབ་གྲྭ་ནས་མཐར་ཕྱིན་ཏེ་སྤྱི་ཚོགས་ཀྱི་སློབ་གྲྭ་གཞན་དང་གཞན་ལ་འགྲིམ་དུས་ཉིད་ཀྱི་བསམ་ཚུལ་ཡིན་ན་རྭ་རྒྱའི་སློབ་མ་རྣམས་ལ་མི་འདང་ས་གཙོ་བོ་དང་ང་ཚོས་ངོས་ནས་ད་ལྟ་ཉིད་ནས་བཅོས་བསྒྱུར་བྱ་དགོས་ས་གང་དག་ཡོད་འདུག   འདིའི་ཕྱོགས་ནས་བསམ་ཚུལ་ཞིག་གསུངས་ན། 

ཁྲི་གླིང་བ།  དྲི་བ་འདི་ཅུང་བཤད་ཁག་པོ་ཞིག་རེད། བཤད་ན་ཕོག་ཐུག་ཀྱང་འཆོར་སྲིད། དེ་བས་འདིར་རང་གི་རྨོངས་བློར་འཆར་ཚུལ་ཞིག་མདོར་བསྡུས་ཏེ་བརྗོད་ན། གཅིག བསམ་གཞིག་གཏོང་བའི་ནུས་པ་དང་། གཉིས་རང་ལྕོགས་ཀྱི་ནུས་པ་ཅུང་ཞན་གི་བསམས། གཞན་ད་དུང་ང་ཚོའི་སློབ་མ་དག་ལ་ང་རྒྱལ་ཅུང་ཆེ་འདུག ཕྱིར་འདང་རེ་བརྒྱབ་ན་ང་ཡང་དེ་འདྲ་རེད། རྭ་རྒྱ་ནས་མཐར་ཕྱིན་མ་ཐག་སྤྱི་ཚོགས་ཐོག་གི་མི་སྐྱ་ཡོན་ཏན་པ་དག་གཏན་ནས་ཁས་མི་ལེན། རྒྱུ་མཚན་རང་གི་སེམས་སུ། བོད་ཀྱི་རིག་གནས་ནི་དགོན་པ་ནས་སྦྱང་དགོས་ཤིང་། དེར་མཁས་པའི་ཡོན་ཏན་པ་ནི་མི་སྐྱའི་ཁྲོད་མེད་བསམ་པའི་བསམ་བློ་དེར་ཐུག་ཡོད་ཀི  སྤྱི་ཚོགས་ཁྲོད་ནས་ལོ་འགའ་ཤས་འགོར་རྗེས་ང་རྒྱལ་དེ་དང་བསམ་ཚུལ་དེ་གཞི་ནས་ཉམས་སོང་། ངོ་མ་བཤད་ན། ང་རྒྱལ་ནི་སློབ་སྦྱོང་གི་དགྲ་བོ་ཁོ་ན་ཡིན་པས་དེ་ལ་གཟབ་དགོས་པར་འདུག འདི་གསུམ་པོ་ནི་ཆེ་ས་ནས་བཤད་པ་ཡིན། བྱེ་བྲག་ལ་བབས་ན་མང་ལ་ཉོག་ཀྱང་འགྲོ། འདི་ནི་ངའི་བསམ་ཚུལ་ཙམ་ཡིན་པས་ནོར་འཁྲུལ་ཡོད་ཁོ་ཐག་ཡིན། སློབ་གྲོགས་དག་གི་ཐུགས་ལ་ཕོག་ན་དགོངས་དག་ཞུ།

གསར་འགོད་པ། མ་ཡུམ་སློབ་གྲྭ་དབུ་བརྙེས་ནས་ད་ལྟའི་བར་ལོ་ངོ་ཧྲིལ་བོ་ཉེར་བཞི་ལྷག་བུད་སོང་ཟིག  དེའི་རིང་མཐར་ཕྱིན་སློབ་མ་ཆིག་སྟོང་བདུན་བརྒྱ་ལྷག་སློབ་མཐར་ཕྱིན་པའི་ཁྲོད་ནས་འབུམ་རམས་སློབ་མ་བཏོན་པ་ཁྱོད་རང་ཐོག་དང་བོ་རེད།  དེ་བས་ཁྱོད་ཀྱིས་རང་གི་མ་ཡུམ་སློབ་གླིང་དང་སློབ་གྲོགས་རྣམས་ལ་བཤད་འདོད་པའི་དམིགས་བསལ་གྱི་སྐད་ཆ་ཅི་ཞིག་ཡོད། 

ཁྲི་གླིང་བ།  རེད། སྔོན་མར་ངས་ནུབ་བྱང་སློབ་ཆེན་ནས་ཆེད་སྦྱོང་འདོན་དུས་ནས་བཟུང་ང་རང་ལ་བསམ་ཚུལ་ཞིག་ཡོད། ཅི་རེད་ཟེར་ན། ང་ནི་རྭ་རྒྱ་སློབ་གྲྭ་ནས་མཐར་ཕྱིན་པས། ངེས་པར་གཞན་ལས་ཕུལ་དུ་བྱུང་བ་ཞིག་བྱེད་དགོས་པའི་བསམ་ཚུལ་དེ་རེད། རྒྱུ་མཚན་ང་ནི་མི་ཆུང་ཆུང་ཞིག་རེད་མོད། ཡིན་ཡང་རྭ་རྒྱ་སློབ་གྲྭ་དང་དགེ་རྒན་རྣམ་པ་དག་ནི་ཆུང་ཆུང་ཞིག་མ་རེད། སྙན་གྲགས་རྒྱལ་ཁབ་ཕྱི་ནང་ལ་ཁྱབ་ཡོད་པ་ཞིག་རེད། དེ་བས་རང་གིས་སློབ་སྦྱོང་གཙོ་བྱས་ཏེ་ཕྱོགས་གང་ཐད་ནས་རྒྱལ་ཁབ་ཀྱི་སློབ་གྲྭ་རིམ་པར་འཕར་བའི་སློབ་མ་དག་ལས་ལྷག་པ་ཞིག་འཁྱོངས་པར་འབད་ཁུལ་བྱས་པ་ཡིན། གཞན་ད་དུང་རྭ་རྒྱའི་སློབ་མས་ཀྱང་གཞུང་བསྐྱངས་སློབ་མའི་ལོན་པའི་གྲུབ་འབྲས་དེ་ལོན་ཐུབ་པར་བདེན་དཔང་བྱེད་བསམ་པའི་འདུན་པ་དེ་སྐབས་དེ་དུས་ནས་སེམས་ན་ཡོད།  དེ་ནི་ཕྱིས་སུ་ངས་རབ་འབྱམས་ཞིབ་འཇུག་སློབ་མར་ཡིག་རྒྱུགས་གཏོང་བའི་རྒྱུ་གཙོ་བོ་ཡང་ཡིན། ངའི་སྔོན་ལ་རང་རེའི་སློབ་མའི་ཁྲོད་རྒྱལ་ནང་ན་ཞིབ་འཇུག་སློབ་མ་མི་འདུག ང་ནི་ཕལ་ཆེར་དང་པོ་དེ་རེད། གཞན་ད་དུང་ཞིབ་འཇུག་སློབ་མར་ཡིག་ཚད་གཏོང་དུས་ཀྱང་རྒྱུགས་འབྲས་རྩེ་གྲས་ཤིག་ངེས་པར་ལོན་དགོས་པའི་བསམ་བློ་དེ་རེད། དེ་ནི་སློབ་སྦྱོང་ལ་འབད་བརྩོན་བྱེད་པའི་རྒྱུར་ཡང་འགྲོ་གི  ང་རང་༢༠༡༣ལོའི་སྟོན་མཇུག་བོད་ལྗོངས་སློབ་ཆེན་ནས་ཞིབ་འཇུག་མཐར་ཕྱིན་རྗེས་དེ་གར་དགེ་རྒན་བྱས་པ་ཡིན་ལ། ལོ་རྗེས་མ་དེར་འབུམ་རམས་པར་ཡིག་ཚད་གཏོང་བའི་རེ་བ་སློབ་གྲྭར་ཞུས་ཀྱང་དགོངས་འཁྲོལ་གནང་མ་སོང་། ད་ལོ་གཞི་ནས་འབུམ་རམས་པར་ཡིག་ཚད་བཏང་ཆོག་པའི་དགོངས་པ་རེག་སོང་ལ། ཡིག་ཚད་ཀྱང་ལོན་སོང་བས་འདི་ཡང་མདོར་ན་མ་ཡུམ་སློབ་གྲྭའི་བཀའ་དྲིན་ལས་འདའ་ཐུབ་མེད། རང་གིས་མ་ཡུམ་སློབ་གྲྭའི་སློབ་གྲོགས་དག་ལ་བཤད་འདོད་པའི་སྐད་ཆ་ཡང་མདོར་ན། ང་ཚོ་མི་སྒེར་གྱི་ངོས་ནས་བཤད་ན་སུ་ཡིན་ཡང་ཆུང་ཆུང་ཞིག་ཡིན་མོད། མ་ཡུམ་སློབ་གྲྭ་དང་དགེ་རྒན་རྣམ་པ་དག་ནི་ཆུང་ཆུང་ཞིག་མིན་པས། ང་ཚོ་གནས་གང་དུ་ལས་གང་ཞིག་ལ་ཞུགས་ཀྱང་རང་གི་སློབ་གྲྭའི་ལ་རྒྱ་དེ་འཛིན་དགོས། ལ་རྒྱ་དེ་བརྩོན་པའི་རྒྱུ་དང་། རང་གི་ལས་དེ་མཐའ་འཁྱོལ་བར་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པར་ང་རང་ལ་ཡིད་ཆེས་བརྟན་པོ་ཡོད།

གསར་འགོད་པ།  ཡ་ཡ།  སློབ་གྲོགས་བཟང་བོ། ཧ་ཅང་ཡག་སོང་།   བཀའ་དྲིན་ཆེ།   ཁྱེད་རང་གི་སློབ་སྦྱོང་གི་ལམ་ག་སྔར་ལས་ཡངས་པར་སྨོན།   བཀྲ་ཤིས་བདེ་ལེགས། 

ཁྲི་གླིང་བ།  ཐུགས་རྗེ་ཆེ།

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་སློབ་མའི་སློབ་བསྡུའི་ཡི་གེ

བོད་ཀྱི་དགོན་སྡེ་ཁག་ལ་ཞིབ་འཇུག་དཔྱད་གཞིའི་ཆེད་དུ་བསྐྱོད་པ།  

སློབ་ཆེན་གྱི་དགེ་རྒན་ཁོང་ཕྱིར་ཕ་ཡུལ་དུ་ལོག་ནས་སོ་ནམ་གྱི་ལས་ཀ་བྱས་ནས་ཕ་མར་སྲི་ཞུ་སྒྲུབ་པ། 

མ་ཡུམ་སློབ་གྲྭའི་གསར་འགོད་པ་དང་མཉམ་དུ་བསྐྱོན་པ། 



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2018-08-29 ལྟ་ཀློག (16495)