གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སྤེལ་བའི་གསལ་བསྒྲགས།


གསལ་བསྒྲགས།

2018/7/31

     རང་མི་རིགས་ཀྱི་སློབ་གསོའི་ལས་དོན་ལ་བློ་སེམས་དཀར་ཞིང་གཞུང་དྲང་གཏོང་ཕོད་ཅན་གྱི་བོད་རིགས་སྤུན་ཟླ་རྣམ་པ་ལགས།  ཉེ་ལམ་ས་ཆ་ག་གེ་མོ་རུ་ངེད་སློབ་གླིང་གི་འཛུགས་སྐྲུན་ལ་ཁ་གཡར་ནས་དཀར་ཐིགས་སློང་བཞིན་འདུག་ཟེར་བ་མང་བོ་ཞིག་ཐོས་བྱུང་།   ད་ལོར་ངེད་སློབ་གླིང་གིས་སློབ་ཁང་དང་སློབ་མའི་ཉལ་ཁང་།  དགེ་རྒན་དང་ལས་བཟོ་བའི་ཉལ་ཁང་།  ལུས་རྩལ་ཐང་ཆེན།  སློབ་མའི་ཟ་ཁང་སོགས་འཛུགས་སྐྲུན་རྒྱ་ཆེན་པོ་ཞིག་བྱེད་བཞིན་ཡོད་པ་དོན་དངོས་ཡིན་ལ།   འཛུགས་སྐྲུན་དེ་དག་ལས་སློབ་མའི་ཉལ་ཁང་གི་སྦྱིན་བདག་ནི་རྨ་ཆེན་རྫོང་རྟ་བོ་ཡུལ་ཚོའི་རྐྱང་ཆེན་འབྲོག་ཨུ་ཁང་དང་སློབ་ཁྲིད་ཐོག་གི་སྦྱིན་བདག་ནི་མགར་རྩེ་ཚོ་བ་བཅོ་བརྒྱད།  སློབ་མའི་ཟ་ཁང་གི་སྦྱིན་བདག་ནི་ན་ནིང་སྤྱི་ཟླ་དགུ་བའི་ནང་གི་ཐུན་ཞོན་དགེ་ལས་ཐེབས་རྩ་ཚོགས་པ་དང་རྒྱལ་ཁབ་དབུལ་སྐྱོར་ཐེབས་རྩ་ཚོགས་པ།  སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་ལྷག་བསམ་ཅན་རྣམས་ཀྱིས་ཞལ་འདེབས་སུ་ཕུལ་བའི་རོགས་དངུལ་རྐྱང་རྐྱང་ཡིན།   གཞན་ཡང་དགེ་རྒན་དང་ལས་བཟོ་བའི་ཉལ་ཁང་དང་།   ལུས་རྩལ་ཐང་ཆེན་སོགས་ཀྱི་སྦྱིན་བདག་ནི་རྭ་རྒྱ་གྲོང་རྡལ་གྱི་འབྲོག་ཨུ་ཁང་སོ་སོས་མ་བསྐུལ་དང་ལེན་གནང་བཞིན་ཡོད་པས།   ངེད་སློབ་གླིང་གི་ངོས་ནས་འཛུགས་སྐྲུན་འདི་དག་གི་ཆེད་དུ་དཀར་ཐིགས་སློང་མཁན་ཞིག་ས་ཆ་གཞན་དག་ལའང་མངགས་མ་མྱོང་བས་འདིར་ཆེད་དུ་གསལ་བཤད་སྤེལ་ཏེ།  སློབ་གྲྭའི་མིང་གཡར་ནས་དཀར་ཐིགས་སློང་མཁན་ལ་དོགས་ཟོན་དང་དབྱེ་ཞིབ་གནང་དགོས་པའི་རེ་བ་ཞུས་པ་ཡིན།  དེ་དང་ཆབས་གཅིག་ཏུ་བྲག་དཀར་རྫོང་སོགས་ས་གནས་སོ་སོའི་རྒྱ་ཆེ་བའི་ལྷག་བསམ་ཅན་མང་བོས་སྔ་རྗེས་སུ་ངེད་སློབ་གླིང་གི་འཛུགས་སྐྲུན་དང་ཐོན་མིའི་སློབ་གསོའི་བྱ་གཞག་ཐད་ལ་རོགས་རམ་དང་ཞལ་འདེབས་སྣ་ཚོགས་ཕུལ་དང་འབུལ་བཞིན་པ་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།   གལ་ཏེ་རང་བསམ་གྱིས་སློབ་གྲྭ་ལ་རོགས་སྐྱོར་གནང་མཁན་ཅིག་ཡིན་ན་ངེས་པར་སློབ་དཔོན་འཇིགས་མེད་རྒྱལ་མཚན་དང་གཉེར་བ་དགེ་འདུན་དར་རྒྱས་གང་རུང་ལ་འབྲེལ་གཏུགས་བྱེད་དགོས་པ་ལས་རྒྱུས་མེད་ཀྱི་མི་ལ་ཡིད་བརྟོན་མ་གནང་རོགས།    

དགེ་འདུན་དར་རྒྱས་ཀྱི་ཁ་པར་ཨང་གྲངས།  18009756666

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཇིགས་མེད་རྒྱལ་མཚན་སློབ་གསོའི་འཕྲིན་སྟེགས་ལས་བཤུས། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2018-08-01 ལྟ་ཀློག (4868)