ཐོན་མིའི་དགོངས་དོན་འཚོལ་བའི་གཏམ་ལམ་བཟང་གསལ་བའི་སྒྲོན་མེ།

ཐོན་མིའི་དགོངས་དོན་འཚོལ་བའི་གཏམ་ལམ་བཟང་གསལ་བའི་སྒྲོན་མེ།

རྭ་རྒྱ་འཇིགས་མེད་རྒྱལ་མཚན།


ཆོས་ཀུན་རྟེན་ཅིང་འབྲེལ་འབྱུང་བས།།

ཤེས་རབ་ལྷག་བསམ་བསྐྱེད་པའི་མཐུས།།

ཚེ་རབས་ཕྲེང་བར་སྨིན་པའི་བློ།།

ཐོན་མིའི་སློབ་གསོའི་འདུ་ཤེས་ཡིན།།

 

བློར་འཚམ་སློབ་གསོ་ལ་བརྟེན་ནས།།

བག་ཉལ་ཤེས་འཇོན་སྔོག་འདོན་ཅིང་།།

བླང་དོར་གཞན་ཕན་སྒྲུབ་མཁས་པ།།

ཐོན་མིའི་སློབ་གསོའི་དམིགས་ཡུལ་ཡིན།།

 

མི་གཤིས་བཟང་ངན་གང་ཡིན་ཡང་།།

ཀུན་སྤྱོད་ཤེས་རིག་ཟུང་འབྲེལ་ན།།

འཛམ་གླིང་མཁས་པའི་རྩེར་སོན་པ།།

ཐོན་མིའི་སློབ་གསོའི་ཁ་ཕྱོགས་ཡིན།།

 

རྩ་བ་བཅུ་ཕྲག་རིག་གནས་ལ།།

ཡན་ལག་བརྒྱད་ཀྱིས་ཉེར་བརྒྱན་ཏེ།།

དུས་ཀྱི་རིག་པས་གསོས་འདེབས་པ།།

ཐོན་མིའི་སློབ་གསོའི་ནང་དོན་ཡིན།།

 

རང་གཞན་ཟུང་འབྲེལ་རྣམ་གསུམ་སྒོས།།

བསླབ་པའི་སྐས་རིམ་མ་འཆོལ་བར།།

ཐོས་བསམ་ལག་ལེན་ཟུང་འབྲེལ་བ།།

ཐོན་མིའི་སློབ་གསོའི་ཐབས་ལམ་ཡིན།།

 

རྨོངས་སེལ་ཆོས་བཅུའི་དོན་རྟོགས་ཤིང་།།

སྡིག་ལྡོག་དགེ་སྒྲུབ་ལས་ལ་སྤྲོ།།

གྲོགས་ནོར་དཔལ་ལྡན་མཁས་རྣམས་མགུ།།

ཐོན་མིའི་སློབ་གསོའི་ནུས་པ་ཡིན།།

 

ཞི་དུལ་བག་ཡོད་ལས་ལ་སྤྲོ།།

ཡོན་ཏན་ལྷག་ཅིང་བསླབ་ལ་བརྩོན།།

གཞུང་དོན་རྟོགས་ཤིང་སྨྲ་མཁས་ལྡན།།

བརྩེ་བས་སྐྱོང་བ་དགེ་རྒན་མཆོག།

 

གཟུར་གནས་བློ་ལྡན་དོན་གཉེར་བ།།

སློབ་དཔོན་ལ་གུས་ཡིད་གཏོད་པ།།

ནམ་ཡང་སློབ་མར་འདུ་ཤེས་པ།།

སློབ་མ་བཟང་བོའི་སྤུས་ཚད་ཡིན།།

 

བློར་འཚམས་སྲོལ་མཐུན་གནད་ལ་འཁེལ།།

ལུས་ངག་ཡིད་ཀྱི་སྤྱོད་ལམ་ལ།།

བདུད་རྩི་སྨན་གྱི་ཁུར་འཛིན་པ།།

ཐོན་མིའི་སློབ་གསོའི་སྤུས་ཚད་དོ།།

 

རྩོམ་ཁུངས། བསླབ་བྱ་ཐོན་མིའི་དགོངས་རྒྱན།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2018-08-01 ལྟ་ཀློག (4240)