བོད་ཕྲུག་བྱིས་སྐྱོང་ཞིབ་འཇུག་ཁྲོད་ཀྱི་ཐོག་མའི་བསམ་ཚུལ།

༄༅།།བོད་ཕྲུག་བྱིས་སྐྱོང་ཞིབ་འཇུག་ཁྲོད་ཀྱི་ཐོག་མའི་བསམ་ཚུལ།

 

བྱ་སྟོད་བོད་ཕྲུག

 གླེང་གཞི།

    ཉེ་བའི་ཆར་བོད་ཁུལ་གྱི་ཕྱོགས་སོ་སོར་བྱིས་སྐྱོང་སློབ་གསོ་གླེང་བ་དང་། བསྒྲུབས་པ།   ཞིབ་འཇུག་བྱེད་པ་སོགས་བྱིས་པའི་འཚར་ལོངས་དང་འབྲེལ་བའི་ལས་སྒོ་ཁག་ཚ་ཚ་འུར་འུར་གྱིས་གཅིག་རྗེས་གཉིས་མཐུད་ངང་མདུན་ལ་སྤོ་བཞིན་པའི་སྒང་འདིར། ཕྲན་ཆུང་གིས་ཀྱང་ལོ་ངོ་འགའི་ཡར་སྔོན་ནས་རྨིས་པའི་རྨི་ལམ་གྱི་ཚན་པ་ཞིག་གམ།འཚོལ་སྙེག་གི་ལས་སྒོ་གང་ཞིག་ལ་རེ་བ་དང་ཡིད་ཆེས་ཇེ་ཟབ་ཏུ་ཕྱིན་པས་དགའ་སྤྲོ་ཚད་མེད་སྐྱེས་བྱུང་།

 དྲང་མོར་བརྗོད་ན་ང་ནི་ནུས་པ་བླ་ལྷག་ཅིག་མེད་ཀྱང་རྨི་ལམ་དང་ཁ་ཕྱོགས་ཀྱི་ཕུགས་འདུན་ཅུང་རིང་བའི་མི་བུ་ཞིག་ཡིན་ལ།ངའི་རྨི་ལམ་དེའི་ཁྲོད་ན་བྱིས་སྐྱོང་ཞིབ་མཇུག་ཐད་ཀྱི་རྨི་ལམ་དང་འཚོལ་སྙེག་ཅིག་ཡོད་པ་དེ་ཆེས་གླེང་རིན་ཡོད་པ་ཞིག་ཡིན་སྙམ་གྱིན་ཡོད། 

     ངའི་རྨི་ལམ་འདི་དང་ཡང་ན་འཚོལ་སྙེག་གི་ལམ་བུ་འདི་ནི་ང་རང་ཉིད་འཚར་ལོངས་ཀྱི་གོ་རིམ་དང་འབྲེལ་ནས་བྱུང་བ་ཡིན་ཞེས་ལབ་ཀྱང་ཆོག་ལ། ངའི་འཚར་ལོངས་དེའང་ཨ་མའི་བྱམས་བརྩེ་དང་རི་མོའི་སྒྱུ་རྩལ་གཉིས་ལ་ཁ་མ་བྲལ་བར་བྱུང་བ་ལ་འབྲེལ་བ་ངེས་ཅན་ཞིག་ཡོད།

 ཨ་མའི་བྱམས་བརྩེ་ནི་བྱིས་སྐྱོང་སློབ་གསོའི་རྨང་གཞི་ཡིན།

     ཤེས་ལྡན་པ་མང་བོ་ཞིག་གིས་བྱིས་སྐྱོང་སློབ་གསོ་གླེང་སྐབས་རང་རང་གི་འཚར་ལོངས་ལ་སྦྱར་ནས་གླེང་ཡོང་བ་ཞིག་རེད།  དེ་ནི་དོན་དངོས་མཐོང་ཐོས་མྱོང་ཟིན་བརྗོད་པའི་ཧ་ཅང་གནས་ལུགས་ཡོད་པ་ཞིག་རེད། ངས་ཀྱང་བྱིས་སྐྱོང་ཞིབ་འཇུག་གི་ལས་གཞི་འདི་གླེང་བའི་ཉིན་དང་བོ་ནས་རང་ཉིད་ཀྱི་འཚར་ལོངས་དང་སྦྱར་ནས་གོམ་གང་གོམ་གང་བྱས་ཏེ་འགྲོ་འདོད་པ་ཞིག་རེད།  སྤྱིར་མི་རེ་རེ་ཡི་འཚར་ལོངས་ཀྱི་གོ་རིམ་མི་འདྲ་བ། མི་མཚུངས་པ། མི་མཉམ་པ་ཞིག་ཡིན་སྲིད་མོད། དེ་དག་ཕྱིའི་ཁོར་ཡུག་དང་ཆ་རྐྱེན་འབའ་ཞིག་ལ་རག་ལས་ཡོད་པ་མ་གཏོགས་སྤྱི་ཁྱབ་ཏུ་བྱིས་པའི་འཚར་ལོངས་ལ་ཆེས་མེད་དུ་མི་རུང་བ་ནི་བྱམས་དང་བརྩེ་བ་ལས་གཞན་མེད། དེ་ཡང་ཨ་མའི་བྱམས་བརྩེ་ལས་མ་འདས།

     དེའི་ཕྱིར་བྱམས་བརྩེའི་རིན་ཐང་ལས། འགྲོ་བ་མི་ཙམ་དུ་མ་ཟད་དུད་འགྲོ་སེམས་ཅན་དང་བཅས་པའི་སྤྱི་ཚོགས་དེ་དང་དེའི་འཚོ་བའི་རྨང་གཞི་ནི་བྱམས་བརྩེ་ཡིན། ང་ཚོ་ཨ་མའི་མངལ་དུ་ཡོད་པའི་སྐབས་ཨ་མའི་སེམས་ཀྱི་བརྟན་ཆ་དང་།  ཞི་བདེ་བཅས་ནི་མངལ་དུ་ཡོད་པའི་ཕྲུ་གུ་དེ་དང་དེ་འཚར་ལོངས་ཡོང་བ་ལ་ཧ་ཅང་གལ་འགངས་ཆེན་པོ་ཡིན། ཞེས་དང་།

 དེ་མ་ཚད་ཕྲུ་གུ་སྐྱེས་ནས་བདུན་ཕྲག་ཁ་ཤས་ཀྱི་དུས་ཡུན་ནི། ཕྲུ་གུའི་ཀླད་པ་ཡར་རྒྱས་འགྲོ་བའི་དུས་ཚོད་ཧ་ཅང་གལ་ཆེན་པོ་ཡིན་ཞིང་། དེའི་རིང་ཕྲུ་གུ་ཨ་མའི་གཟུགས་པོ་ཉིད་དང་སྦྱར་ནས་ཉར་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེའི་ཕྱིར་གཟུགས་པོའི་གནས་བབ་ཉིད་ཀྱང་གཞན་གྱི་དྲོད་དང་བྱམས་བརྩེ་ལ་ལྟོས་དགོས་པ་སྟོན་གྱི་ཡོད། ཅེས་དང་།

མིའི་ཕྲུ་གུ་ཚོ་སྐྱེས་ནས་བྱ་བའི་ཐོག་མ་ནི་ཨ་མའི་ནུ་མ་ནུ་རྒྱུ་དེ་ཡིན་ཞིང་། ནུ་མ་ནུས་ནས་འོ་མ་ཁ་ནང་ལ་བསླེབས་པ་ནི་ཁོང་ཁྲོ་དང་མི་དགེ་བའི་ཚོར་བ་ལས་བྱུང་བ་མིན། དུས་སྐབས་དེར་ཕྲུ་གུའི་སེམས་གསལ་བོ་མེད་པར་མ་ཟད། ཐ་ན་རང་གི་ཨ་མ་ཅི་འདྲ་ཞིག་ཡིན་པའི་གསལ་སྣང་ཙམ་ཡང་མེད། འོན་ཀྱང་ཨ་མ་ལ་སེམས་ཐག་ཉེ་པོའི་ཚོར་བ་ཏན་ཏན་གྲུབ་ཟིན་ཡོད། གང་ལྟར་ཨ་མའི་སེམས་ནང་དུ་ཕྲུ་གུ་དེ་ལ་ཁོང་ཁྲོ་དང་། མི་དགའ་བའི་སེམས་གང་ཞིག་གིས་ཚོར་སྣང་ཡོད་ཚེ་འོ་མ་འབབ་ཁག་པོ་ཡིན། ཕྲུ་གུ་ལ་དགོས་ངེས་ཀྱི་འོ་མ་འབབ་པ་དེ། ཨ་མའི་ངོས་ནས་ཕྲུ་གུ་ལ་བརྩེ་བ་གཏིང་ཟབ་དང་། དགའ་གཅེས་ཀྱི་ཚོར་བ་ཟབ་མོ་ཡོད་པའི་སྟབས་ཀྱིས་ཡིན་པ་དང་། ཕྲུ་གུའི་ངོས་ནས་འོ་མའི་ཆེད་དུ་རང་གི་ཨ་མའི་ཕྱོགས་སུ་ཁ་བསྒྱུར་བ་ནི་ང་ཚོ་འགྲོ་བ་མི་རྣམས་ཀྱི་བྱ་བའི་ཐོག་མ་ཡིན། ཞེས་གསུངས་པ་ལྟར་ན་ཨ་མའི་བྱམས་བརྩེ་ནི་བྱིས་སྐྱོང་སློབ་གསོའི་རྨང་གཞི་ཡིན་པ་རེད། 

      ངས་རང་ཉིད་ཀྱི་འཚར་ལོངས་ལ་ཞིབ་འདང་རེ་བརྒྱབ་ན་ཨ་མའི་བྱམས་བརྩེ་ལས་ལྷག་ཅིག་གཞན་གང་ཡང་མེད་པ་མྱོང་ཟིན་ཏུ་གྲུབ་པ་ཞིག་རེད།  གོང་དུ་གསུངས་པའི་བྱ་བའི་ཐོག་མ་ཨ་མའི་ནུ་མ་ནུ་ཤེས་པ་ནས་ང་ཚོས་བྱ་བ་བྱེད་པའི་མགོ་ཚུགས་པ་རེད།  དེ་ལྟར་ན་ང་ཚོ་བྱམས་ལྡན་གྱི་ཨ་མའི་པང་ཁུག་ནས་ཉིན་ཞག་དང་ཟླ་གྲངས་འདས་ཏེ་རིམ་བཞིན་ལོ་གསུམ་ལོ་བཞིའི་བར་སྐབས་དེ་ལྷག་པར་དུ་རང་ཉིད་ཨ་མ་དང་འབྲལ་མེད་དུ་གནས་དགོས་པའི་དུས་ཡུན་ཡིན་ལ།  བར་སྐབས་འདིར་ངེད་ཅག་མའི་ལུས་དྲོད་དང་མ་གྱེས་པར་བྱམས་བརྩེ་ཆེ་བའི་ཨ་མ་ལགས་ནས་འུ་ཅག་ཀུན་ལ་བག་ཆགས་བཟང་ཤོས་གཅིག་རྗེས་གཉིས་མཐུད་དུ་ཐེབས་པར་རང་གི་འབོད་མིང་ནས་འགོ་བརྩམས་ཏེ་ཕ་སྐད་སོགས་མང་བོ་མང་བོ་ཞིག་སུན་སྣང་མེད་པ་དང་ཆད་སྣང་མེད་པར་དགའ་བ་དང་སྤྲོ་བའི་ངང་སློབ་ཀྱིན་པའི་གནས་སྐབས་ཤིག་ཡིན། སྐབས་འདི་ནི་བྱིས་སྐྱོང་སློབ་གསོའི་དུས་རིམ་ཆེས་གལ་ཆེན་ཞིག་ཡིན་ཕྱིར།

   དགེ་རྒན་རིན་པོ་ཆེ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་ཀྱང་ཉེ་བའི་ཆར་བྱིས་སྐྱོང་སློབ་གསོའི་ཐད་ཀྱི་གསུང་བཤད་ཅིག་ཏུ་འདི་ལྟར་གསུངས་ཡོད་དེ།  བྱིས་པའི་སློབ་གསོའི་དུས་རིམ་ཆེན་པོ་གསུམ་ནི། མངལ་གཅེས་སློབ་གསོ་དང་། མ་སྦྱར་སློབ་གསོ། ཁྱེའུ་དུས་སློབ་གསོ་ཞེས་གསུམ་གསུངས་པའི་སྐབས་ཀྱི་མ་སྦྱར་སློབ་གསོ་འདི་ཆེས་གལ་འགངས་ཆེ་ཚུལ་གསུངས་ཡོད་པ་རེད།

      བྱིས་པ་ཕ་མ་དང་མཉམ་དུ་སྤྲོ་སྣང་གིས་གཉོམ་ལག་རྒྱས་རྒྱུ་ཧ་ཅང་གཙོ་སྟེ། ཕ་མར་ཁ་བྲལ་བའི་བྱིས་པའི་སེམས་ཁམས་རྒྱུན་ལྡན་མིན་པ་དང་། བྱིས་པ་དེས་ཕ་མའི་བྱམས་བརྩེ་ཡི་ངོ་བོ་མི་རྟོགས་པ།ཕ་མར་འདང་མི་ཟབ་པ། མཐའ་ན་དེང་སྐབས་དངོས་སུ་བྱུང་དང་འབྱུང་བཞིན་པའི་གྲོང་བསྡོད་བོད་རིགས་ཀྱི་བྱིས་པ་མི་རིགས་གཞན་གྱི་བྱིས་གཉོར་ཁང་དུ་བསྐྱལ་བ་ཚོས་རང་གི་ཕ་མའི་སྐད་ཆ་ཡང་གོ་མི་ཐུབ་པ་ལྟ་བུའོ།། དེ་བས་བྱིས་པའི་ལུས་སེམས་གཉིས་གཉོམ་ལག་མ་རྒྱས་ཀྱི་བར་དུ་རང་གི་ཕ་མ་དང་།ལྷག་ཕར་དུ་ཨ་མར་ཁ་འབྲལ་མི་རུང་བ་ཞིག་རེད།

 ང་རང་ཆུང་ཕྲུ་གུའི་དུས་ནས་རང་ལོ་བཅུ་བདུན་ལ་མ་སོན་བར་དུ་རང་ཁྱིམ་དང་འབྲལ་མ་མྱོང་བ་ཞིག་ཡིན་ལ། དེའི་རིང་ཕ་མ་གཉིས་ལས་ཨ་མའི་ཤུགས་རྐྱེན་དང་གཤིས་ཀ་ཟབ་མོ་ཆགས་ཡོད་པ་ཞིག་ཡིན་པས་མ་སྦྱར་སློབ་གསོས་ཕྱོགས་གང་ཅིའི་ཐད་ཤུགས་རྐྱེན་གང་ལེགས་ཐེབས་ཡོད་སྲིད།

      བྱིས་པ་གང་ལ་མཚོན་ན་རང་ཉིད་ཀྱི་ཨ་མ་བཟང་རུང་ངན་རུང་ཨ་མ་རང་ལ་རང་གི་བུར་བྱམས་བརྩེ་ཆེ་བས་རང་ཉིད་ཨ་མར་དགའ་བ་དང་། ཨ་མར་དུང་བ་ཟབ་མོ་ཡོད། ང་རང་ཉིད་ཀྱི་ཀུན་སློང་དང་སྤྱོད་ལམ་སོགས་ཀྱང་ཨ་མ་དང་འདྲ་ས་མང་བོ་ཡོད་པ་ཆུང་དུས་ནས་ཨ་མར་དགའ་བ་བླ་ལྷག་ཡོད་པས་ཡིན།    ངའི་ཨ་མ་ནི་འབྲོག་མོ་རྣལ་མ་ཞིག་ཡིན་མོད། ཨ་ཕས་ང་ལ་དབྱངས་གསལ་སོ་བཞིའི་ཀློག་གསར་དུ་སློབ་ཀྱིན་པའི་གནས་སྐབས་སུ་ངས་ཤེས་ཆེད་ཨ་མས་ཀྱང་བསླབས་ཏེ་ང་ལ་རོགས་འདེགས་གང་མང་བྱས་མྱོང་ལ། ཨ་ཕས་བསླབས་པ་ལས་ཨ་མས་རེ་འགའ་བསླབས་པ་ཤེས་རྟོགས་བྱུང་སླ་བ་ཞིག་རེད། དེ་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཅིག་ཀྱང་ཡིན་སྲིད་དེ་བྱིས་པ་ལ་མཚོན་ན་རང་གི་ཨ་མའི་སྐད་ལས་སྙན་པོ་མེད། དེང་སྐབས་ཀྱི་བྱིས་པའི་སློབ་ཆས་དག་ལས་ཡི་གེ་ཀློག་པ་དང་གནའ་གཏམ་བཤད་པ་ལ་སོགས་ཀྱི་སྒྲ་ཡོད་ཚད་བུད་མེད་ཀྱི་སྐད་ཡིན་པའང་རྒྱུ་མཚན་དེར་དམིགས་པ་ཞིག་རེད་སྙམ།

སྤྱིར་ང་རང་ཚོ་འཚར་ལོངས་བྱུང་བ་ལ་མཐུན་རྐྱེན་གང་མང་ཡོད་ལ་གཉོར་སྐྱོང་དང་ལྟ་རྟོག་བྱེད་མཁན་རྣམས་དང་། ཤེས་བྱ་ཡོན་ཏན་སློབ་པའི་དགེ་རྒན་རྣམས་ཀྱི་བརྩེ་གཟིགས་ལ་རག་ལས་ཆེན་པོ་ཡོད་ཀྱང་། ཤེས་པ་མི་གསལ་བ་ཕྲུ་གུའི་དུས་ནས་བཟུང་ད་ལྟའི་བར་དུ་ཨ་མའི་བྱམས་སྐྱོང་ནི་ནམ་ཡང་འཛད་མྱོང་མེད་དེ། ཨ་མའི་བྱམས་བརྩེ་ལ་ལྷོད་པ་མེད་པའི་སྟོབས་ཀྱིས་ང་རང་བདེ་ཐང་གིས་འཚར་ལོངས་བྱུང་བ་ཡིན།

      འདི་ལྟར་བསམ་བློ་བཏང་ཡོང་བ་ན་ང་རང་ཚོ་ཨ་མའི་མངལ་ལས་བཙས།  ཨ་མའི་འོ་ཆུས་གསོས།ཨ་མའི་ལུས་དྲོད་ཀྱིས་བསྐྱངས། ཨ་མའི་བྱམས་དང་བརྩེ་བས་གཉོར་དགོས་པས་ང་རང་ཚོའི་ལུས་སེམས་གཉིས་ཀ་རང་གི་ཨ་མར་རྟེན་འབྲེལ་གྱི་འབྲེལ་བ་ཟབ་མོ་ཞིག་ཆགས་ཡོད་པ་ཤེས་ཞིང།  ཡ་ཧུ་དཱ་པ་རྣམས་ཀྱིས་རིགས་རུས་ཆེད་ཁུངས་འདེད་སྐབས་ཁོ་ཚོས་རང་ཉིད་ཀྱི་ཕ་ལས་མའི་ཆེད་ཁུངས་དེད་དེ་རིགས་རྒྱུད་ལྷད་མེད་དུ་འདྲེན་གྱི་ཡོད་པའང་།  མ་བུའི་ལུས་སེམས་རྟེན་བྱུང་འབྲེལ་གྱི་ཆོས་ཉིད་ཟབ་མོ་ཞིག་གིས་བཅིངས་ནས་ཡོད་པར་དམིགས་པ་མ་ཡིན་ནམ།

ཨ་མའི་བྱམས་བརྩེ་དང་མཉམ་དུ་ཕྲུ་གུའི་ནང་སེམས་སུ་རང་ཉིད་འཚར་ལོངས་བྱུང་བ་རྒྱུ་རྐྱེན་གལ་ཆེན་ཞིག་ཚང་དགོས་པ་དེ་ནི་ཕྲུ་གུའི་དགའ་ཕྱོགས་གཙོ་བོ་དེ་རེད། དེའི་ཕྱིར་གོང་དུ་ངས་རང་ཉིད་ཀྱི་འཚར་ལོངས་ཨ་མའི་བྱམས་བརྩེ་དང་རི་མོར་མ་བྲལ་བར་བྱུང་བ་ལ་འབྲེལ་བ་ཟབ་ཚུལ་བརྗོད་པ་ཡང་འདི་ལྟར་སྙམ་པའོ།།

བྱིས་པའི་དགའ་ཕྱོགས་ནི་བྱིས་པའི་བླ་སྲོག་ལས་མ་འདས།

      ང་རང་ཆུང་དུས་ནས་རི་མོ་འབྲི་བར་དགའ་བ་བླ་ལྷག་ཡོད། ངའི་དགའ་ཕྱོགས་ཀྱི་གཙོ་བོ་ཡང་རི་མོ་ཡིན། དེ་བས་རི་མོ་རང་སྦྱོང་གིས་འབྲི་ཤེས་པ་ཞིག་རེད། རི་མོ་ཐོག་མར་འབྲི་སྐབས་ངའི་ཕ་མས་ང་ལ་བསྟོད་བསྔགས་དང་གཞོག་འདེགས་གང་མང་བྱས་མྱོང་། དེའི་ནང་ཨ་མ་ཉིད་ཀྱིས་དོ་སྣང་བླ་ལྷག་བྱེད་པ་ཞིག་ཡིན། བོད་འབྲོག་ཁུལ་ལ་མཚོན་ན་ཤེས་བྱ་དང་ཡོན་ཏན་ལ་མཐོང་ཆེན་མི་སྤྲོད་པར་ཕྱུགས་རིགས་འཚོ་སྐྱོང་གཙོ་བོ་ཡིན་སྟབས་རི་མོ་ཙམ་འབྲི་བ་ལ་དེ་འདྲའི་མཐོང་ཆེན་མི་སྤྲོད་པ་རེད།

     ཡིན་ནའང་ཨ་མ་ཁོ་ནས་ངའི་རི་མོ་ལ་ཁ་ཞེ་གཉིས་མེད་ཀྱི་མཐོང་ཆེན་བྱེད།  མཐའ་ན་ཁོ་མོ་ཚོང་ལ་སོང་ནས་ཕྱིར་ལོག་སྐབས་ལན་རེར་ཡང་རི་མོ་འབྲི་བྱེད་ཀྱི་ཚོན་སྨྱུག་སོགས་ཉོ་བར་མ་ཟད། ངས་བྲིས་པའི་རི་མོ་དག་ངེད་ཚང་ལ་ཡོང་བའི་འགྲུལ་བ་ཚང་མར་སྟོན་པ་དང་།  ང་རི་མོ་འབྲི་རྒྱུར་དགའ་བ་ཡོད་ཚུལ་གླེང་བ་ཞིག་རེད།

དེ་ལྟར་ཨ་མས་ངའི་དགའ་ཕྱོགས་ལ་དངོས་ཤུགས་གང་རུང་ནས་རོགས་འདེགས་གང་མང་བྱེད་པ་ནམ་ཡང་རྒྱུན་ལྡན་རེད།  ད་ལྟ་ད་དུང་ཡང་ངའི་བྱ་བ་གང་ལའང་རྒྱབ་སྐྱོར་བྱེད་པར་མ་ཟད་ཨ་མས་རང་གི་ཁ་པར་དུ་ངའི་རི་མོ་སོགས་པར་ལ་བླངས་ནས་གཞན་ལ་ངོམ་པ་ཞིག་རེད།  འདི་དག་ཨ་མའི་བཅོས་མིན་གྱི་བྱམས་བརྩེ་ལས་མ་འདས།

     ངས་བསམ་པར་ཆུང་དུས་རི་མོ་འབྲི་ཤེས་པས་ཁྱིམ་དུ་ང་གཅིག་པུ་ལས་བྱིས་པ་མེད་ཀྱང་ང་ལ་རྩེད་རོགས་མེད་པའི་སྡུག་བསྔལ་མེད་ལ་བྱིས་བློ་སྤྲོ་སྣང་གིས་ཁེངས་མྱོང་།  ད་ལྟ་ལས་གཞི་གང་ཡང་མེད་པར་རང་སོར་བསྡད་ཀྱང་ངའི་འཕྲོག་ཐུབ་མེད་པའི་རི་མོའི་སྒྱུ་རྩལ་གྱི་འཇོན་ཐང་གིས་ང་ལ་ལས་གཞི་ཁག་ཚུར་སྤྲོད་ཀྱི་ཡོད་དེ།  བྱིས་སྐྱོང་གི་ལས་གཞི་ཁག་ལའང་རི་མོ་ནི་མེད་དུ་མི་རུང་བ་ཞིག་ཡིན་པས་སོ།

    དངོས་གནས་རི་མོ་འབྲི་ཤེས་པར་བརྟེན་ང་རང་ཆུང་དུས་ནས་སློབ་ཞུགས་ཀྱི་དུས་ཚོད་ཡོལ་ཏེ་རང་ལོ་བཅུ་བདུན་ལ་སོན་ཀྱང་།  རང་ལོ་བཅུ་བདུན་སྐབས་ངས་ཆེས་འགྲིམ་བསམ་པའི་མཐོ་འབྲིང་སློབ་གྲྭ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཡང་འགྲིམས་ནས་སློབ་མཐར་ཕྱིན་ཐུབ་སོང་། སློབ་གླིང་དེ་གར་ངས་རི་མོ་གང་མང་འབྲི་མྱོང་བས་དགེ་རྒན་དང་སློབ་གྲོགས་རྣམས་ཀྱི་ཐུགས་བརྩེ་ཡང་མི་དམན་པ་ཐོབ་མྱོང་། རི་མོས་ང་ལ་ཞུམ་མེད་ཀྱི་སྤོབས་པ་བསྩལ་པར་མ་ཟད་འཆོལ་དུ་མེད་པའི་ཁ་ཕྱོགས་ཀྱང་བསྩལ། ལོ་ངོ་འདི་གར་སྤྱི་ཚོགས་སུའང་དགེ་རྒན་དང་ཇུས་འགོད་པ། སྒྱུ་རིས་སྒྲིག་སྦྱོར། མཚོན་རྟགས་གསར་བཟོ། ཚོང་དོན་བརྡ་ཁྱབ་སོགས་རི་མོར་བརྟེན་ཏེ་རིག་གནས་ཀྱི་ལས་གཞི་ཁག་ཏུ་ཉམས་མྱོང་ཡང་སྣ་མང་ལེན་ཐུབ་བྱུང་བ་རེད།    

     མདོར་བསྡུས་ནས་བརྗོད་ན་རང་ཉིད་ཀྱི་འཚར་ལོངས་ཁྲོད་ཨ་མའི་བྱམས་བརྩེ་དང་རང་གི་དགའ་ཕྱོགས་གཉིས་ཀྱིས་ང་རང་འཚར་ལོངས་བྱུང་བ་ཡིན་སྟབས་ངས་བྱིས་སྐྱོང་ཞིབ་འཇུག་གི་ལས་གཞི་ལའང་འདི་ལྟར་བསམ་བློ་བཏང་བ་ཡིན།  

     བྱིས་སྐྱོང་གི་སྔོན་འགྲོའི་བསླབ་གཞི་ནི་རི་མོ་དང་རོལ་མོས་མ་ཁྱབ་པ་མེད་ལ། བྱིས་པ་སྤྱི་ལ་སྤྲོ་སྣང་གི་ལམ་ནས་ཆེས་ཐོག་མར་ཤེས་བྱ་དང་འགྲོ་བ་མིའི་ཀུན་སློང་སྤྱོད་ལམ་བཟང་བོ་རྒྱུད་ལ་སྤྲོ་བར་རི་མོ་དང་རོལ་མོ་ལས་གཞན་མེད།

རི་མོ་འབྲི་བར་དགའ་བ་ནས་བྱིས་པར་བརྩོན་སེམས་ཀྱང་ལྡན་པ་རེད།རང་གི་དགའ་ཕྱོགས་དང་ཕུགས་བསམ་ཡང་རྙེད་ཚར་བ་རེད།དེ་བས་བྱིས་པ་རང་ཉིད་འཚར་ལོངས་བྱུང་མིན་གྱི་རྒྱུ་རྐྱེན་བྱིས་པ་རང་ཉིད་ཀྱི་ནང་སེམས་སུ་གྲུབ་ཟིན་པ་རེད།

 ད་ནི་ངའི་བསམ་པར་བྱིས་པ་འཚར་ལོངས་བྱུང་བ་ལ་ཨ་མའི་བྱམས་བརྩེ་དང་བྱིས་པ་ཁོ་རང་གི་དགའ་ཕྱོགས་གཙོ་བོ་དེ་གཉིས་ལས་གལ་འགངས་ཆེ་བ་ཞིག་མེད་པར་སྙམ།

བྱིས་སྐྱོང་ཞིབ་འཇུག་གི་ཁ་ཕྱོགས་གླེང་བ།

      བོད་ཕྲུག་བྱིས་སྐྱོང་ཞིབ་འཇུག་ཁྱབ་སྤེལ་ཞབས་ཞུའི་ཁ་ཕྱོགས་མཐར་ཐུག་དེ། ཆེ་ས་ནས་བརྗོད་ན་བོད་མི་རིགས་ཀྱི་སློབ་གསོའི་འཕེལ་རྒྱས་ལ་འབྲེལ་བ་གཏིང་ཟབ་ཡོད་ལ། དེའང་བོད་མི་རིགས་རང་ཉིད་ཀྱི་ཤེས་རིག་ཡོན་ཏན་དང་།བསམ་པའི་ཀུན་སློང་། འཚོ་བའི་གོམས་གཤིས།  དད་འདུན་དང་མོས་པའི་ལྟ་གྲུབ་ལ་རག་ལས་ཡོད།  དེ་དག་རང་མི་རིགས་ཙམ་དུ་མ་ཟད་འཛམ་གླིང་སྤྱི་མཐུན་ལ་ཕན་པ་དང་དགོས་པ་ཡོད་མེད། འཛམ་བུ་གླིང་སྤྱིའི་མ་འོངས་པའི་འཕེལ་རྒྱས་ལ་རོགས་འདེགས་ཐུབ་མིན་གྱི་སྟེང་ནས་འཚོལ་སྒྲུབ་བྱེད་འཆར་ཡིན།

 ཟུར་ངོས་གཞན་ཞིག་ནས་གླེང་ན་ང་རང་གི་ལས་གཞི་འདིའི་ཁ་ཕྱོགས་ཆུང་ས་དེ་བོད་ཁྱིམ་སོ་སོའི་བྱིས་པ་ཚོ་ཡང་མི་རིགས་གཞན་གྱི་བྱིས་པ་ཚོ་དང་ནང་བཞིན། རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གནའ་གཏམ་དང་སྒྲུང་གཏམ། མཚར་གཏམ་སོགས་ཀྱི་རིས་འགྲེལ་དཔེ་དེབ་དང་སློབ་ཞོར་གྱི་བྱིས་པའི་ཀློག་དེབ་གསར་དུ་རྩོམ་སྒྲིག་དང་དཔར་སྐྲུན་བྱེད་པ། ཚད་ལྡན་གྱི་བྱིས་སྐྱོང་སློབ་ཆས་གསར་སྤེལ་བྱེད་པ། བྱིས་པར་རི་མོ་དང་རོལ་མོས་མཚོན་པའི་རྨང་གཞིའི་ཤེས་བྱའི་སྐོར་ཟབ་ཁྲིད་བྱེད་པ། སྒྲ་དང་བརྙན་ལམ་ནས་བོད་དམངས་ཁྲོད་ཀྱི་གནའ་གཏམ་སོགས་བཤད་པ་བཅས་ཡིན།

     དེ་ལྟར་བསམ་ནས་ད་ལྟ་སྒྲུབ་བཞིན་པའི་ལས་གཞི་དངོས་ནི་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། རིག་གནས། ཆོས་ལུགས་སོགས་ཀྱི་ཁྲོད་དུ་ཡོད་པའི་བྱིས་སྐྱོང་སློབ་གསོའི་སྐོར་ལ་རྒྱུས་ལོན་དང་ཞིབ་འཇུག  སློབ་སྦྱོང་མཐིལ་ཕྱིན་བྱས་ཏེ་བྱིས་པར་ཁ་གཏད་པའི་རི་མོ། རོལ་མོ། བྱིས་གླུ། གནའ་གཏམ། རྣམ་ཐར་ཟློས་གར་གྱི་འཁྲབ་གཞུང་བཅས་གསར་སྤེལ་བྱེད་པ་དང་། ད་ལོའི་སྤྱི་ཟླ་བརྒྱད་པ་ནས་ཨ་མའི་ལོ་ལོ་ཞེས་པའི་བྱིས་སྐྱོང་མཛེས་རྩལ་ཡིག་ཆས་དང་བློ་སྐྱེད་རྩེད་ཆས་ཆེད་ཚོང་ཁང་ཞིག་དངོས་སུ་སྒོ་འབྱེད་བྱས་ཏེ། ས་གནས་བྱིས་པ་ཚོ་འཚར་ལོངས་བྱུང་བའི་ཐད་ལ་ངེས་ཅན་དུ་ཕན་པའི་བྱིས་པའི་ཀློག་དེབ་དང་རི་མོ་སོགས་འབྲི་བྱེད་ཀྱི་ཡིག་ཆས།  བློ་རིག་ཡར་སྐྱེད་བྱུང་བར་ཕན་པའི་བློ་སྐྱེད་རྩེད་ཆས་ཉོ་བར་སྟབས་བདེ་གང་ལེགས་བསྐྲུན་ཡོད་པ་མ་ཟད། ཨ་མའི་ལོ་ལོ་བྱིས་སྐྱོང་མཁོ་ཆས་ཚོང་ཁང་གི་མིང་ཐོག་ནས་ས་གནས་དམངས་ཚོགས་ཀྱི་བྱིས་པ་ཚོར་ལོ་རེར་རི་མོའི་འགྲན་བསྡུར་ཆེས་ཆེ་བ་ཞིག་སྤེལ་འཆར་ཡོད་པ་དང་། དབྱར་དགུན་གནང་གི་སྐབས་ཟླ་བ་རེ་འགར་རི་མོའི་གསབ་སྦྱོང་རེའང་སྤེལ་འཆར་ཡོད།

མ་འོངས་པ་ན་བོད་ཀྱི་ཤེས་ལྡན་པ་དང་། སྒྱུ་རྩལ་བ། སྨན་པ། བཟོ་སྐྲུན་པ་སོགས་རོགས་འདེགས་སུ་བརྟེན་ནས་བྱིས་སྐྱོང་ཕ་མ་དང་དགེ་རྒན་ཡོངས་ལ་གཅིག་གྱུར་གྱི་བྱིས་སྐྱོང་སློབ་གསོའི་མན་ངག་དང་བྱེད་ཐབས་གསལ་བའི་གཞུང་ལུགས་ཤིག་གམ་འགྲོ་སྟངས་མ་ནོར་བ་ཞིག་ཆགས་ཐུབ་པ་ལ་འབད་འདོད་ཡོད།  དེ་ནི་བྱིས་སྐྱོང་ཞིབ་འཇུག་གི་ཉིང་དགོས་སུ་འདོད་དོ།།

     འདི་དག་ལས་གཞི་རྒྱ་ཆེ་ལ་རིན་ཐང་ཆེ་བས་ཉུང་ཙམ་ཚིགས་སུ་བཀོད་པ་ཆིག་ལབ་དང་ཁ་ཕོ་སྒྲོག་གིན་ཡོད་པ་ལྟར་སྣང་ཡང་རང་མི་རིགས་ཀྱི་རིག་གཞུང་གཙོས་འཛམ་གླིང་དུ་སྙན་གྲགས་ཆེས་ཆེར་འབར་བའི་བྱིས་སྐྱོང་སློབ་གསོའི་ཆེད་མཁས་པ་རྣམས་ཀྱི་ཞིབ་མཇུག་གི་འབྲས་རྟགས་དང་སློབ་གསོའི་མན་ངག་སོ་སོར་སློབ་སྦྱོང་དང་ཉམས་ཞིབ།  བརྟག་དཔྱད་བཅས་བྱས་ཏེ་མཐར་རང་མི་རིགས་ཀྱི་སློབ་གསོའི་ཁྲོད་ཚད་གཞི་ཅན་དང་འཐུས་ཚང་རང་བཞིན་ཅན།བོད་རིགས་ཡོངས་ཁྱབ་ཀྱིས་ཁས་ལེན་ཐུབ་པ་བྱིས་སྐྱོང་སློབ་གསོའི་བྱེད་ཐབས་ཤིག་དུས་ཀྱི་འགྱུར་བག་དང་འགྲོགས་ནས་གསར་སྤེལ་ཨེ་ཐུབ་ཀྱི་ཆོད་སེམས་བརྟན་པོ་ཡོད།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-07-23 ལྟ་ཀློག (6203)