སྤོ་ལོས་ཕམ་ཡང་ཀུན་སྤྱོད་མི་ཕམ་པའི་འཛམ་གླིང་རྐང་གྲུག་གི་སྙིང་སྟོབས།

སྤོ་ལོས་ཕམ་ཡང་ཀུན་སྤྱོད་མི་ཕམ་པའི་ཉི་ཧོང་རྐང་གྲུག་རུ་ཁག

2018/07/03 11:00

    2018ལོའི་ཟླ7པའི་ཚེས3ཉིན་གྱི་གསར་འགྱུར། ཡོ་རོབ་རྐང་གྲུག་མཉམ་འབྲེལ་ཡུལ་དངོས་ལྟ་ཞིབ་སྤྱི་ཁྱབ་ཚོ་ཆུང་དང་རྒྱལ་སྤྱིའི་རྐང་དྲུག་མཉམ་འབྲེལ་སྤྱི་ཁྱབ་མཐུན་འགྲིག་པ་ཅན་སིན་སིས་དྲ་སྟེང་དུ་སྤེལ་བར་གཞིགས་ན། ཉི་ཧོང་རྐང་གྲུག་རུ་ཁག་འགྲན་སྡུར་ལས་ཕྱིར་འབུད་བྱུང་རྗེས། ཁོ་ཚོས་གོས་བརྗེ་ཁང་དུ་གཙང་སྦྲ་བྱས་པ་ཧ་ཅང་གྲལ་དག་གཙང་མ་ཡིན་པར་མ་ཟད། ད་དུང་ཨུ་རུ་སུའི་ཡི་གེས”ཐུགས་རྗེ་ཆེ”ཞེས་བཀོད་པའི་བྱང་བུའང་ཤུལ་དུ་བཞག་ཡོད།

    ཅན་སིན་སིས་བཤད་དོན། ཐེངས་འདིར་ཉི་ཧོང་རུ་ཁག་སྐར་མ94སྟེང་པེས་ལེས་ཧྲི་རུ་ཁག་ལས་ཕམ་པ་དང་འདི་ནི་ཉི་ཧོང་རུ་ཁག་གི་གོས་བརྗེ་ཁང་གི་པར་རིས་རེད་ཟེར།

      ཁོ་རང་ཚོས་སྤོ་ལོ་དགའ་ཞེན་པ་ཚོར་མགོ་བོ་སྨད་དེ་བཀའ་དྲིན་ཞུས་ཤིང་རྐུབ་སྟེགས་དང་གོས་བརྗེ་ཁང་སོགས་ཡོད་ཚད་ལ་གཙང་སྦྲ་བྱས་པ་དང་། སྨྱན་གཟུགས་འཕྲིན་སྦྱོར་བ་དང་གླེང་མོལ་བྱས།

       ནུས་ལྡན16གི་འགྲན་སྡུར་ཁྲོད། ཉི་ཧོང་རུ་ཁག་གིས་སྤོ་ལོ་གཉིས་སྔོན་ལ་གཟེབ་ཏུ་འཕེན་ཐུབ་པ་བྱུང་མོད། ཡུད་ཙམ་ནས་དེ་ལས་ལྡོག་སྟེ་པེས་ལེས་ཧྲི་རུ་ཁག་གིས་སྤོ་ལོ་གསུམ་བསྟུད་མུར་གཟེབ་ཏུ་འཕངས་ནས་ཁོ་ཚོ་འགྲན་སྡུར་ལས་ཕམ་པ་རེད། ཡིན་ནའང་འཛམ་གླིང་གི་ཨང་གསུམ་པར་སླེབས་པའི་པེས་ལེས་ཧྲི་རུ་ཁག་ལས་ཕམ་པ་ཡིན་པས་ཉི་ཧོང་རུ་ཁག་ནི་སྔར་བཞིན་གུས་བརྩི་བྱེད་འོས་པ་ཞིག་རེད། སྐབས་ཐེངས་འདིའི་འཛམ་གླིང་རྐང་དྲུག་འགྲན་སྡུར་སྟེང་ཉི་ཧོང་རུ་ཁག་གིས་ཁྱོན་བསྡོམས་སྤོ་ལོ་དྲུག་གཟེབ་ཏུ་འཕེན་ཐུབ་པ་བྱུང་བ་དང་ཁོ་ཚོ་རུ་ཁག་གི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན་ཡོད།

       ཉི་ཧོང་རུ་ཁག་ནུས་ལྡན་བརྒྱད་ཀྱི་ནང་འཛུལ་ཞུགས་བྱེད་ཐུབ་མ་སོང་།  འགྲན་སྡུར་གྱི་རྗེས་སུ།  ཉི་ཧོང་གྲུག་ཞེན་པ་དག་སྐྱོ་བས་རབ་ཏུ་ནོན་པ་དང་མིག་ཟུང་མཆི་མས་ཁེངས་མོད། གནས་སྟངས་འདི་འདྲ་ཡིནའང་ཁོ་ཚོས་སྔར་བཞིན་གད་སྙིགས་གཙང་དག་བཟོས་ཤིང་སྟེགས་བུ་གཙང་མ་གཙང་རྐྱང་ཡིན་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད།

     འཛམ་གླིང་རྐང་གྲུག་འགྲན་སྡུར་འགོ་བརྩམས་མ་ཐག་ནས། ཉི་ཧོང་གི་རྐང་གྲུག་དགའ་ཞེན་པ་ཚོའི་བླ་ན་མེད་པའི་ཀུན་སྤྱོད་ལ་རྒྱལ་ཁབ་གཞན་གྱི་རྐང་གྲུག་དགའ་ཞེན་པ་ཚོས་བསྟོད་བསྔགས་ཚད་མེད་ཐོབ་ཡོད་ཅིང་། ཡ་རབས་ཀྱི་སྲོལ་བཟང་འདི་ནི་རྒྱལ་ཁབ་འདིའི་རྐང་གྲུག་དགའ་ཞེན་པ་ནས་རྐང་གྲུག་རུ་ཁག་བར་ཡུག་གཅིག་ཏུ་ཁྱབ་ཡོད་དོ།།

གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ།   གསར་འགོད་པ།  གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-07-03 ལྟ་ཀློག (7510)