མཛོད་དགེ་སྟོད་མར་ཆོས་ཀྱི་མཛད་འཕྲིན་བསྐྱངས།

 མཛོད་དགེ་སྟོད་མར་ཆོས་ཀྱི་མཛད་འཕྲིན་བསྐྱངས།

   གངས་ལྗོངས་ཤེས་རིག་ནོར་བུའིི་སློབ་གླིང་གི་སློབ་དཔོན་ཆེན་མོ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་༧རྗེ་བཛྲ་ཚུལ་ཁྲིམས་ཚང་གིས་མཛོད་དགེ་སྟོད་མར་ཆོས་ཀྱི་མཛད་འཕྲིན་བསྐྱངས། 
   སྤྱི་ལོ༢༠༡༨ལོའི་སྤྱི་ཟླ༦ཚེས༧དང་། ཧོར་ཟླ༤ཚེས༢༤ཉིན་ནི་གནམ་གཤིས་འགྱུར་ལྡོག་ཤིན་ཏུ་ཆེ་བའི་ཉིན་ཞིག་སྟེ། ཁངས་ཆར་འདྲེས་མ་འབབ་ཅིང་གནམ་གཤིས་ཅུང་གྲང་བར་འདུག་ནའང་དགེ་རྒན་རིན་པོ་ཆེས་སྐུ་ངལ་ལ་མ་འཛེམས་པར་ཐད་ཀར་མཛོད་དགེ་སྟོད་མར་ཆིབས་ཁ་བསྒྱུར། ས་གནས་དེ་གའི་དགེ་འདུན་པ་དང་གྲོང་བ་དག་གིས་སྔ་མོ་ནས་ལག་ལ་ཁ་བཏགས་བཟུང་ནས་ཁོང་ཉིད་ཆིབས་བསུ་ལ་རེ་སྒུག་བྱས་ཡོད།
   མཛོད་དགེ་དགོན་གསར་དགའ་ལྡན་རབ་རྒྱས་གླིང་ནི་འཇམ་དབྱངས་བླ་མ་རྗེ་དཀོན་མཆོག་བསྟན་པའི་སྒྲོན་མེས་རབ་བྱུང་བཅུ་གསུམ་པའི་ས་རྟ༼༡༧༩༨༽ལོར་ཕྱག་འདེབས་མཛད་ཅིང་དབལ་མང་པཎྜི་ཏས་སྐྱོང་ཁུལ་གང་ལེགས་གནང་བས། རྒྱུད་སྡེ་བཞིའི་འདོན་རྟ་དབྱངས་གསུམ་དང་སྒོམ་ཉམས་ལེན། ཐིག་རྡུལ་ཚོན། མེ་རི་བཅའ་བཟོ་ལ་སོགས་པའི་ཕྱག་ལེན་བརྒྱུད་ལྡན་བླ་མའི་ཕྱག་བཞེས་བཞིན་གྲ་མ་ཉམས་ཤིང་གྲུ་མ་ཡལ་བའི་གསང་ཆེན་རིག་པ་འཛིན་པའི་ཆོས་སྡེ་ཞིག་ཡིན། དེང་གི་སྲིད་འཛིན་ཁྱབ་ཁོངས་ལྟར་ན་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་མཛོད་དགེ་སྟོད་མ་ཡུལ་ཚོའི་མངའ་ཁོངས་སུ་ཡོད། མཛོད་དགེ་དགོན་གསར་དགའ་ལྡན་རབ་རྒྱས་གླིང་གི་དུང་ཁྱུང་སྨྱུང་གནས་འཚོགས་ཡུལ་ནི་དགོན་པ་ནས་སྤྱི་ལེ་སུམ་ཅུ་ལྷག་གི་མཚམས་སུ་ཡོད་ཅིང་། གནས་འདི་ནི་དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་དང་། ལྷ་གཉན་ཆེན་མོ་མར་ཁུའི་ཨ་མྱེས་བེའུ་གདངས་ཀྱི་མདུན་ལྗོངས། སྔོན་དུས་སུ་མཛོད་དགེ་མར་ཁུ་ཐང་ཞེས་གྲགས་པའི་ཡུལ་ཕྱོགས། ཐུགས་རྗེ་ཆེན་པོའི་རྣལ་འབྱོར་བ་མཁར་སྒོང་སྨྱུང་གནས་པ་ཚང་གྲུབ་པའི་གོ་འཕང་ལ་བརྙེས་པའི་ཞིང་ཁམས་བཅས་ཡིན་པས་གནས་ཀྱི་ཆེ་བ་ནི་བསམ་གྱིས་མི་ཁྱབ་པར་འདུག  གནས་འདིར་མཛོད་དགེ་དགོན་གསར་དགའ་ལྡན་རབ་རྒྱས་གླིང་གི་གྲྭ་ཚང་སྤྱི་ནས་ལོ་རེར་སྨྱུང་གནས་ཆག་མེད་དུ་སྲུང་བཞིན་ཡོད་ལ། ཕལ་ཆེར་ལོ་ངོ་བརྒྱ་དང་བདུན་ཅུ་ཡས་མས་ཀྱི་ལོ་རྒྱུས་ཡོད་པར་འདུག ཐེངས་འདིའི་དུང་ཁྱུང་སྨྱུང་གནས་སྟེང་དུ་རྗེ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་གྲྭ་གྲོང་ཆིག་སྟོང་ཉེ་བ་ཙམ་ལ་ཆུ་ཚོད་གཉིས་ཀྱི་རིང་བསྟན་པའི་སྒྲོན་མེས་མཛད་པའི་མ་ཎི་མགུར་དབྱངས་ཀྱི་སྒོ་ནས་ཆོས་དང་འཇིག་རྟེན་གྱི་ལེགས་ཉེས་བླང་དོར་གྱི་བསླབ་བྱ་ངོ་མཚར་བ་གནང་ཞིང་།  མཐར་ཁོང་གིས་ཡུལ་ཕྱོགས་ཐམས་ཅད་དུ་རྩྭ་ཆུ་རྒྱས་ཤིང་ལོ་ལེགས་བྱུང་བ།  སྐྱེ་འགྲོ་ཀུན་ལ་ནད་མེད་ཚེ་རིང་ཡོང་བ། རང་གི་བླ་མས་ཆོས་སྒྲུབ་ཚུལ་གསུང་ཡོད་པ་བཞིན་བྱས་ན་བྱིན་རླབས་འཇུག་རྒྱུ་ཡིན་པ་སོགས་སྨོན་ལམ་རྣམ་དག་གིས་མཚམས་སྦྱར་ནས་མཇུག་ལེགས་པར་བསྡུས།


ཁ་བས་གཡོག་པའི་མཛོད་དགེ་མར་ཁུ་ཐང་།

མར་ཁུའི་ཨ་མྱེས་བེའུ་གདངས་ཀྱིས་ཁ་བའི་ན་བཟའ་མནབས་པ།

ས་གནས་སེར་སྐྱ་མང་ཚོགས་ཀྱིས་ཁ་བཏགས་བཟུང་ནས་ཁོང་ཉིད་བསུ་བ་བྱེད་བཞིན་པ།

དམ་པ་ཁོང་གིས་ལེགས་ཉེས་བླང་དོར་གྱི་བསླབ་བྱ་གནང་བ། 

ཁ་བ་བུ་ཡུག་གི་གྲང་ངར་ཁྲོད་དད་ལྡན་མང་ཚོགས་ཀྱིས་ཁོང་གི་ལམ་སྟོན་བསླབ་བྱར་ནན་གྱིས་ཉན་བཞིན་པ།

འཕྲིན་གཏོང་བ་མཛོད་དགེ་བསྟན་འཛིན། རྟ་ནག་ལུང་རིགས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-06-08 ལྟ་ཀློག (6580)