གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་བོད་སྐད་ཡིག་སྡེ་ཁག་གི་སློབ་གསོའི་ལྟ་སྦྱོང་།


༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་བོད་སྐད་ཡིག་སྡེ་ཁག་གི་སློབ་གསོའི་ལྟ་སྦྱོང་།

   དགེ་རྒན་ནི་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་མཁན་གྱི་བྱེད་པོ་ཡིན་ལ། སློབ་བུ་ཁྲི་སྟོང་མང་བོའི་ལས་དབང་ཁ་ལོ་བསྒྱུར་མཁན་ཡང་ཡིན། དེའི་ཕྱིར། དགེ་རྒན་གྱི་དཔུང་ཁག་ནི་བསམ་བློ་དང་ཀུན་སྤྱོད། རིག་གནས་བཅས་ཀྱི་ཆུ་ཚད་མཐོ་བའི་ཚོགས་པ་ཞིག་ཡིན་དགོས། སྤྱོད་ལམ་དང་སློབ་སྦྱོང་ལེགས་པའི་སློབ་མའི་ཚོགས་ཤིག་སྐྱེད་སྲིང་བྱ་དགོས་ན། དགེ་རྒན་གྱི་དཔུང་ཁག་ལ་རང་དཔེ་གཞན་སྟོན་གྱི་སྤྱོད་ལམ་མཛེས་པོ་ཞིག་དགོས་པ་གོར་མ་ཆགས། མི་རིགས་སློབ་གསོ་གོང་འཕེལ་དུ་གཏོང་དགོས་ན་དགེ་རྒན་ནི་གཞི་རྩ་ཡིན། དེ་བས་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་བོད་སྐད་ཡིག་སྡེ་ཁག་གི་དགེ་རྒན་སྐོར་ཞིག་མཚོ་ལྷོ་མང་རྫོང་མི་རིགས་སློབ་འབྲིང་དང་བོ་དང་། མགོ་མང་གྲོང་རྡལ་མི་རིགས་སློབ་ཆུང་གཉིས་ཀར་སོང་ནས་ལྟ་སྐོར་དང་རྒྱུས་ལོན་གང་འཚམ་བགྱིས། སྔ་དྲོའི་སློབ་ཐུན་དང་བོ་དང་གཉིས་པར་བོད་ཡིག་དགེ་རྒན་དག་གི་སློབ་ཁྲིད་ལ་ཉན་ཞིང་སློབ་ཐུན་གསུམ་པར་སློབ་གྲྭའི་འགོ་ཁྲིད་དག་གིས་ཁྲིད་དེ་དཔེ་མཛོད་དང་། ཚོད་ལྟ་ཁང་སོ་སོར་ལྟ་ཞིབ་བྱས། སློབ་ཐུན་བཞི་བ་བེད་སྤྱད་དེ་བོད་ཡིག་གི་དགེ་རྒན་མང་བོ་ལྷན་དུ་འཛོམས་ཏེ་སློབ་གྲྭའི་སློབ་གསོ་ཇི་ལྟར་སྒྲུབ་སྟངས་ཐད་ཕན་ཚུན་དཔྱད་གླེང་བྱས། ཕྱི་དྲོར་མགོ་མང་སློབ་ཆུང་ནས་སློབ་ཁྲིད་ལ་ཉན་ཞིང་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱས། ཁོང་ཚོའི་དཔྱད་གླེང་ལ་རིན་ཐང་ལྡན་པར་མ་ཟད། སློབ་གྲྭ་འདི་གཉིས་ཀྱི་མི་ལོ་སུམ་ཅུ་ཡས་མས་སུ་དགེ་རྒན་གྱི་ཕྱག་ལས་གཉེར་མྱོང་བའི་དགེ་རྒན་རྒན་པ་དག་གིས་བོད་སྐད་ཡིག་ལ་བཅངས་པའི་དུངས་ཞེན་དང་གཉོམ་དུང་དུང་གི་བོད་ཀྱི་སྐད་ཡིག་ལ་སྐྱ་ཆད་སྔོ་སྡུག་གི་རྣམ་པས་སྤྱོད་སྒོ་ཆུང་ལ་རིན་ཐང་དམའ་བའི་འདུ་ཤེས་ཡ་ང་བ་ཞིག་གིས་རྨ་ཤུལ་བཟོས་ཚུལ་དང་། དགེ་རྒན་ལ་འཛོམས་དགོས་པ་ནི་འཛད་མཐའ་མེད་པའི་སྤོབས་པ། ཞུམ་པ་མེད་པའི་སྙིང་སྟོབས་ཡིན་དགོས། ཁྱེད་ལོ་གཞོན་དགེ་རྒན་དག་གིས་ཉམ་ང་ཉག་ཕྲའི་གནས་སུ་ལྷུང་བའི་བོད་སྐད་ཡིག་ལ་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་ཞེས་སྤོབས་པ་དང་སྙིང་སྟོབས་བསྩལ། དེ་ལྟར་ཐབས་ལམ་དང་ལེགས་ཆ་མང་བོ་སྐྱེས་སུ་གནང་བ་སེམས་ཀྱི་དཔལ་དུ་ཐོབ་སྟེ་སློབ་གསོའི་བགྲོད་ལམ་རིང་མོར་མིག་རྒྱང་ཕྱེས། ད་དུང་ལྷག་བསམ་ཅན་གྱི་སློབ་གཙོ་གཉིས་གཙོས་དགེ་རྒན་རྣམ་པས་སྣེ་ལེན་གང་རྒྱས་མཛད་པ་བཀའ་དྲིན་ཆེ། ཁྱེད་རྣམ་པའི་སྐུ་ཚེ་བརྟན།

2018.4.8

གསར་འགོད་པ་དཀར་མོ་ཡེ་ཤེས་ཀྱིས།

མཚོ་ལྷོ་མང་རྫོང་མི་རིགས་སློབ་འབྲིང་དང་བོ་དང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་གཉིས་ཀྱི་དམའ་འབྲིང་རིམ་པའི་བོད་སྐད་ཡིག་སྡེ་ཁག  


ཉམས་མྱོང་བརྗེ་རེས་བྱེད་བཞིན་པའི་ཡུལ་དངོས། 


དམའ་འབྲིང་སློབ་ཁྲིད་ལ་ཉན་བཞིན་པ།  


འགྲེམ་སྟོན་ཁང་དང་ཚོད་ལྟ་ཁང་ལ་ལྟ་བཞིན་པ།


མགོ་མང་གྲོང་རྡལ་མི་རིགས་སློབ་ཆུང་གི་སློབ་གཙོ་སོགས་དང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་གཉིས་ཀྱི་བོད་སྐད་ཡིག་སྡེ་ཁག  


མགོ་མང་གྲོང་རྡལ་མི་རིགས་སློབ་ཆུང་གི་སློབ་གཙོ་སོགས་དང་ཉམས་མྱོང་བརྗེ་རེས་བྱས་པ། 


གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་བོད་སྐད་ཡིག་སྡེ་ཁག


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2018-04-09 ལྟ་ཀློག (7481)