ཕྱུག་འགྱུར་ལམ་བཟང་དུ་བསྐྱོད་པའི་གྲྭ་རྐྱང་ཞིག

           ཀྲུང་དབྱང་བོད་སྐད་རླུང་འཕྲིན་གྱི་བཅར་འདྲི་ལེའུ་ཚན༼ གཞོན་ནུའི་ཕྱུག་འགྱུར་ལམ་བཟང་ ༽ དུ་བསྐྱོད་པའི་གྲྭ་རྐྱང་ཞིག

གསར་འགོད་པ། ལྷ་སྟག་འཚོ།

    རེད། གྲོགས་པོ་ལྷན་རྒྱས། དེ་རིང་གི་ལེའུ་ཚན་ནང་ཁྱེད་ཅག་ལ་མི་བུ་ལྷག་བསམ་ཅན་ཞིག་གིས་རང་གི་ཕ་ཡུལ་གྱི་དཔལ་འབྱོར་དང་སློབ་གསོ་སོགས་རྗེས་ལུས་ཀྱི་རྣམ་པ་དེ་རང་ནུས་གང་ཡོད་ཀྱིས་བརྒྱུད་ཆེད་ཚོང་ལས་ཀྱི་ལམ་ཁར་ཕྱོགས་པའི་བརྒྱུད་རིམ་ཁ་བརྡ་བྱ་རྒྱུ་ཡིན་པས་ཁྱེད་ཚོས་ཐུགས་ལྷོད་ལྷོད་ཀྱིས་གསན་རོགས།

གསར་འགོད་པ།

རེད། ཨ་ཁུ་བདེ་མོ།

དཔའ་ལུང་བ་ཤེས་རབ་རྒྱ་མཚོ།

བདེ་མོ།

གསར་འགོད་པ།

དེ་ན་ཨ་ཁུའི་ཐོག་མར་ང་ཚོའི་རླུང་འཕྲིན་དང་དྲ་བའི་སྒང་ན་ད་ལྟ་ལེའུ་ཚན་འདི་ལ་གསན་བཞིན་པའི་གྲོགས་པོ་ཡོངས་ལ་མཚམས་འདྲི་བཀྲ་ཤིས་ཤིག་དང་ཞོར་ནས་རང་ཉིད་ངོ་སྤྲོད་ཐུང་ཐུང་ཞིག་གནང་ན་ཆི་མོ་རེད།

དཔའ་ལུང་བ་ཤེས་རབ་རྒྱ་མཚོ།

རེད། ཐོག་མར་ངས་ཀྲུང་དབྱང་བོད་སྐད་རླུང་འཕྲིན་གྱི་མདོ་འཛིན་པ་དང་འགོ་ཁྲིད་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། ང་རང་ཉིད་ཡིན་ན་མཚོ་ཤར་ས་ཁུལ་དཔའ་ལུང་རྫོང་གི་ལྷོ་ཕྱོགས་སུ་ཡོད་པའི་ཁ་སྒང་ས་ཆ་ནས་སྐྱེས་ནི་ཡིན། རང་ཉིད་ཡིན་ན་ཆུང་དུས་སློབ་གྲྭ་འགྲོ་རྒྱུར་གོ་སྐབས་མ་བྱུང་བའི་མི་ཞིག་ཡིན། ཆུང་དུས་ནས་དགོན་པ་ཆུང་ཆུང་ཞིག་ནས་གྲྭ་བ་བྱས་ཏེ་འདོན་རྟ་དབྱངས་སོགས་བསླབས་ཏེ་ལག་ཆགས་པ་དེ་འདྲ་ཞིག་ཡིན། མིང་ལ་ཤེས་རབ་རྒྱ་མཚོ་ཟེར།

གསར་འགོད་པ།

རེད་རེད། ཨ་ཁུ་ཤེས་རབ་རྒྱ་མཚོ། ངས་བསམ་ན་བོད་ཁུལ་གྱི་མི་མང་བ་ཞིག་གིས་གངས་ལྗོངས་དགའ་ཡ་རྟགས་ཅན་གྱི་བོད་ལྭ་འདི་ཤེས་རྒྱུ་རེད་བསམ། རྒྱུ་མཚན་ཡིན་ན་དགའ་ཡ་རྟགས་ཅན་གྱི་བོད་ལྭ་འདི་ང་ཚོའི་བོད་ཁུལ་གྱི་བོད་ལྭ་རྟགས་ཅན་གྱི་ཐོག་མ་རེད། དེ་ན་ཨ་ཁུས་དེང་ཐོག་གངས་ལྗོངས་དགའ་ཡ་ཞེས་པའི་བཟོ་གྲྭ་འདི་བསམ་བློའི་རྨང་གཞི་དེ་གང་ནས་བྱུང་བ་ཡིན།

དཔའ་ལུང་བ་ཤེས་རབ་རྒྱ་མཚོ།

སློབ་གྲྭ་ཆེན་མོ་སྟེ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཞེས་པ་འདི་རླུང་བརྙན་འཕྲིན་ནས་བསྒྲགས་པ་དེ་ཐོས་པས་གོ་དྲུག་ལོར་རང་ཉིད་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གྲྭ་དེར་ཞུགས། ཞུགས་རྗེས་དགེ་རྒན་རྣམ་པའི་བཀའ་དྲིན་དང་ཐུགས་རྗེའི་འོག་ནས་རང་ཉིད་ཀྱིས་བོད་ཡིན་ཡིན་ན་འདྲ། རྒྱ་ཡིག་ཡིན་ན་འདྲ་དེ་འདྲ་བསླབས་རྒྱུའི་གོ་སྐབས་བྱུང་། དེ་ནས་ཕྱིར་འཁོར་ཏེ་ཕ་ཡུལ་ལ་བལྟས་ན། སྔར་བཞིན་ཕ་ཡུལ་གྱི་རྣམ་པར་འགྱུར་ལྡོག་ཅི་ཡང་བྱུང་མེད་པ་དེ་འདྲ་རེད། དེ་ཡིན་ན་ཕྱིར་ཕ་ཡུལ་ལ་ལོག་ཏེ་སློབ་གྲྭ་བསྒྲུབས་རྒྱུའི་འདུན་པ་སྐྱེས། དེའི་རྗེས་དགེ་རྒན་དག་ལ་ཡར་ཞུ་དང་སློབ་གྲོགས་དག་ལ་གྲོས་སྡུར། དགོན་པ་དང་སྡེ་མི་དག་ལ་གྲོས་མོལ་བརྒྱུད་ས་ཁུལ་དེ་ནས་སློབ་གྲྭ་ཆུང་ཆུང་ཞིག མིང་ལ་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭ་ཞེས་བསྒྲུབས་ཏེ་ཡོང་བ་ཡིན། འདི་ལ་དཀའ་ཁག་རབ་དང་རིམ་པ་མང་བོ་ཞིག་ཡོད་ཀྱང་དཔལ་འབྱོར་གྱི་དཀའ་ཁག་དེ་ལས་ཀྱང་དཀའ་ཁག་ཆེན་པོ་ཞིག་ཡིན་པས་གངས་ལྗོངས་དགའ་ཡ་བཟོ་གྲྭ་འདི་བཙུགས་པ་ཡིན། འདི་འཛུག་པའི་སྐབས་དེར་འདང་མང་བོ་བརྒྱབ་པ་ཡིན། གཅིག་ནི། རང་གི་སློབ་གྲྭ་འདི་ཁ་གསོ་རྒྱུའི་ཆེད་དུ་དཔལ་འབྱོར་སྒྲུབ་པ་དེ་ཡིན། གཉིས་སུ། མི་རིགས་ཤིག་ཡིན་ན་ཡུལ་སྲོལ་གོམས་གཤིས། སྐད་དང་ཡི་གེ་འདིའི་སྟེང་ནས་འགྲོ་ཡི་འདུག དེ་ཡིན་ན་ང་ཚོའི་བོད་ལྭ་འདི་ཡང་གོན་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་འདུག ཇེ་ཉུང་འགྲོ་བའི་རྩ་བ་གང་ལ་ཐུག་ཡོད་དམ་ཞེ་ན། བོད་ལྭའི་རིན་ཐང་འདི་ཉིད་ཅུང་ཙམ་ཉམས་དམས་སུ་འགྲོ་བ་དེ་རེད། བོད་ལྭ་ཞིག་ཚོང་ར་ཞིག་ཏུ་ཉོ་རྒྱུ་ཡོད་པའི་དབང་དུ་བཏང་ཡང་། རིན་གོང་སྒོར་བརྒྱའི་ཡན་ཆོད་བཙལ་ན་དཀོན་པོ་རེད། སྤྱིའི་ལྭ་བ་དང་རྒྱའི་ལྭ་བརིན་ཐང་ཅན། རས་གཅིག་མཚུངས་ཡིན་པ། ཡིན་ཡང་རིན་གོང་ལྡབ་འགྱུར་དང་། སྤྱིའི་ལྭ་བ་མཚོན་ན་སྒོར་ཁྲི་ཅན་གྱི་ལྭ་བ་ཡང་ཡོད་ཀི ཆེད་དུ་ང་རང་ཚོང་རར་སོང་ནས་རྒྱུས་ལོན་བྱེད་པ་ཡིན། བོད་ལྭ་མཚོན་ན་དེ་འདྲའི་རིན་ཐང་ཅན་གྱི་ལྭ་བ་དཀོན་པོ་རེད། ཚད་ལྡན་གྱོན་ཆས་ཐོག་མ། །གངས་ལྗོངས་དགའ་ཡ་རྟགས་ཅན། ། ཞེས་སྡོམ་ཚིག་ཅིག་བཀོད། ཚད་ལྡན་གང་གི་སྟེང་ནས་ཡིན་ཟེར་ན། རས་ཀྱི་སྟེང་ནས་ཚད་ལྡན། འཚེམ་བཟོའི་སྟེང་ནས་ཚད་ལྡན། རིན་གོང་སྟེང་ནས་ཚད་ལྡན། རྟགས་ཀྱི་སྟེང་ནས་ཚད་ལྡན། འདི་ཚང་མ་བོད་གངས་ཅན་གྱི་ཚོང་ར་ཅན་ཞིག་ཏུ་བསྒྱུར་ཐུབ་ན་ཅི་མ་རུང་སྙམ་པར་རང་གིས་སྨོན་ལམ་དང་རང་གི་མོས་པ་ལ་བརྟེན་ནས་ཉིས་སྟོང་དགུ་ནས་ཉིས་སྟོང་བཅུ་གཅིག་གི་བར་དེར་སྤྱི་ཚོགས་སྟེང་ནས་དགའ་ཡ་རྟགས་ཅན་གྱི་བོད་ལྭ་འདི་ཁས་བླངས་པ་དེ་ལྟ་བུ་རེད།

གསར་འགོད་པ།

ཨོ་རེད་རེད། ཨ་ཁུ། དེང་ཐོག་བཟོ་གྲྭ་འདི་འཛུགས་དུས་འདི་ལ་མ་དངུལ་ག་འདྲ་བཏང་ཡོད།

དཔའ་ལུང་བ་ཤེས་རབ་རྒྱ་མཚོ།

མ་དངུལ་ཆེན་པོ་བཏང་ཡོད་ནི་མ་རེད། སློབ་གྲྭ་དེ་ཉིས་སྟོང་ལྔ་ནས་བཟུང་བསྐྱངས་ཡོང་ནི་རེད། བསྐྱངས་ནས་ཡོང་དུས་དགེ་རྒན་གྱི་ཟླ་ཕོག སློབ་མའི་འཚོ་བ། ཡར་མར་གྱི་འགྲོ་སོང་སོགས་དཀའ་ངལ་ཡོད་པའི་རྒྱུ་མཚན་གྱིས་དཀའ་ངལ་དེ་ཐག་གཅོད་དགོས་འདུག ཐག་གཅོད་དགོས་ན་རང་ཉིད་ཀྱིས་ཁེ་ལས་ཤིག་དང་རང་ཉིད་ཀྱིས་ཚོང་ཞིག་བརྒྱབ་ནས་ཡོང་སྒོ་འཚོལ་ས་ཞིག་མེད་སོང་ན་སློབ་གྲྭ་འདི་ཡུན་རིང་དུ་སྐྱོང་དགོས་ན་དཀའ་རྒྱུ་རེད། རྒྱུན་དུ་བླ་མ་ཞིག་དང་ཕྱུག་པོ་ཞིག་འཚོལ་བ། སྦྱིན་བདག་ཅིག་གང་ན་ཡོད་ན་དེར་རྒྱུགས་ཏེ་ངོ་དགའ་བྱེད་ནི་རེད། དེ་ཧ་ཅང་དཀའ་མོ་རེད། ཐབས་སྡུག་གི་བྱ་བ་རེད། དེ་ཡིན་ན་དགའ་ཡ་འདི་ལས་པའམ་ཚད་ལྡན་གྱི་གྱོན་ཆས་ཤིག་ལས་ན་ཡང་དཔལ་འབྱོར་གྱི་དཀའ་ངལ་ཡོད་ཀི ཕ་ཡུལ་ན་གྲོགས་པོ་ཞིག་ཡོད། དེའི་ལག་ནས་སྒོར་ཁྲི་གཅིག་བསྐྱིས། ང་རང་སྤུན་ཆུང་བ་ཞིག་ཡོད་ནི་རེད། དེའི་མིང་ལ་དོན་གྲུབ་ཟེར། སྐབས་དེར་ང་རང་རླངས་འཁོར་མེད། ངེད་གཉིས་བར་ན་འཕྲུལ་རྟ་གཅིག་ཡོད། འཕྲུལ་རྟ་དེ་ཞོན་ནས་ཞོལ་གྱི་ཀ་མདོར་སོང་བ་ཡིན། དེ་ནས་ལོ་ལྔ་ལ་སྒོར་ཁྲི་གཅིག་བྱིན་ཏེ་ཁང་སྟོང་ཞིག་གླས་ནི་ཡིན། ཁང་བར་མཛེས་བཟོ་ཡང་ངེད་གཉིས་ཀྱིས་བྱས་ཏེ་གཙང་སྦྲ་བྱས་པ་ཡིན། དེ་ནས་བཟོ་འཁོར་གཉིས་ཉོས། གཞུང་ལས་ཁང་ཞིག་ལས་ཏེ་དེར་གློག་ཀླད་གཅིག་ཉོས་ཏེ་ལས་ཀ་མགོ་བརྩམས་པ་ཡིན། སྐབས་དེར་བཟོ་བ་ཡང་ཡ་རྫི་རྫོང་ཐོག་ན་ཡོད་པའི་ལྕགས་ཐར་རྒྱལ་ཟེར་བའི་བཟའ་ཟླ་གཉིས་ཀ་ཡོང་སྟེ་ང་རང་རོགས་བྱེད་པ་དེ་འདྲ་ཡིན་པས་དགའ་ཡ་བཟོ་གྲྭ་དེ་འདྲའི་འོག་ནས་ལག་ཆགས་པ་ཞིག་ཡིན།

གསར་འགོད་པ། 

ཨོ་རེད་རེད། ལོ་དང་བོར་ཡོང་སྒོ་ཅི་འདྲ་ཡོད་ཀི

དཔའ་ལུང་བ་ཤེས་རབ་རྒྱ་མཚོ།

ཉིས་སྟོང་དགུ་ནས་མགོ་བཟུང་བ་དང་། ཉིས་སྟོང་བཅུ་ཐམ་པ། ཉིས་སྟོང་བཅུ་གཅིག་བར་ཡོང་སྒོ་ཟེར་རྒྱུ་མེད། ཟི་ལིང་འདི་ནས་རས་རེ་ཉོས། ང་རང་ཟི་ལིང་འདི་ནས་བསྡད་དེ་རས་རྨིད་འགའ་རེ་ཉོས་ཏེ་ཁོ་ཚོར་བསྐུར། བཟོ་གྲྭ་ནས་དེ་དག་བཟོས་ཏེ་ཡོང་བ་དེ་འདྲ་རེད། ཉིས་སྟོང་བཅུ་ཐམ་པའི་ལོ་མཇུག་དེར་སོག་རྫོང་དེ་ནས་རྡུང་ལེན་པའི་འགྲན་ཚོགས་ཤིག་འཚོགས་ནི་རེད། སྐབས་དེར་སོག་ཕྲུག་ཤེས་རབ་ཀྱིས་རྒྱབ་སྐྱོར་བྱེད་དེ་ཡོང་བ་ཡིན། དུས་དེར་ང་ཚོར་གོན་པ་སུམ་ཅུ་ཐམ་པ་འདྲ་ཞིག་ཡོད་ཀི དེ་འཁྱེར་ནས་དགོང་ཚོགས་དེ་ནས་ཁྱབ་བསྒྲགས་བྱས། ཉིས་སྟོང་བཅུ་གཅིག  བཅུ་གཉིས། བཅུ་གསུམ་ཡར་མར་འདི་ནས་དགའ་ཡ་བཟོ་གྲྭ་འདི་ཚོང་ར་ཅན་དུ་བསྒྱུར་ནས་མང་ཚོགས་ཡིན་ན་ཚང་མས་ཁས་བླངས་པས། ལོ་རེར་ཡོང་སྒོར་ཁྲི་ཉིས་བརྒྱ་དེ་འདྲ་ཡོད་རྒྱུ་རེད། དེ་ཡོད་ན་ན་རང་གི་འདང་རྒྱག་ཕྱོགས་བཟོ་གྲྭ་འདི་བསྒྲུབས་པའི་དམིགས་ཡུལ། ས་གནས་དེའི་སློབ་གསོ། ས་གནས་དེའི་བྱིས་པ་ཆུང་ཆུང་ཚོར་སློབ་གསོའི་གོ་སྐབས་བསྐྲུན་རྒྱུ་དེ་རེད། ང་ཚོའི་སློབ་གྲྭ་འདི་འདྲ་ཞིག་རེད། ངས་སློབ་གྲྭ་འདི་བཙུགས་པའི་སྐབས་དེར་བྱིས་པ་ཚོ་སློབ་གྲྭ་སྐྱེལ་རྒྱུའི་ལུགས་སྲོལ་དེ་མེད་ཀི བླ་མ་དང་སྦྱིན་བདག་དེ་འདྲ་འབྲེལ་བ་བྱས་ཏེ་གོན་པ་རྙིང་བ་རེ་བྱིན་ཏེ་ཁྱིམ་བདག་ཚོ་སློབ་གསོ་གཏོང་གི་རེ་བཅུག དེ་ནས་བཟུང་རིམ་གྱིས་སློབ་གྲྭ་འགྲོ་སྲོལ་ཆགས་སོང་། ཡང་གནད་འགག་ཅིག་ལ། ངའི་སློབ་གྲྭ་དེ་ནས་ལོ་དགུའི་འོས་འགན་སློབ་གསོ་ཐོབ་ཀྱང་། སྲིད་འབྱོར་རིག་གསུམ་་གང་གི་ཕྱོགས་ནས་རྗེས་ལུས་ཡིན་ནི་རེད། དེའི་ཕྱིར། སློབ་གྲྭ་ཆེན་མོར་འགྲོ་རྒྱུའི་མདུན་ལམ་བཀག་འཇོག་ནི་རེད། སློབ་གྲྭ་ཆེན་མོར་སུ་ཞིག་འགྲོ་ཐུབ་ན་འགྲོ་སོང་གང་ལ་གང་འཚམ་ཡོད་ཀི སློབ་ཆེན་གྱི་འགྲོ་སོང་དེ་ཐག་གཅོད་ཐབས་སུ་ཁྱིམ་བདག སློབ་མ། བཟོ་གྲྭ་གསུམ་གྱི་བར་དུ་གན་རྒྱ་ཡི་གེ་ཞིག་བྲིས་ནི་ཡིན། སློབ་གྲྭ་ཆེན་མོ་སུ་ཞིག་གིས་རྒྱུགས་འཕྲོད་སོང་ན་དགའ་ཡ་བཟོ་གྲྭས་འགྲོ་སོང་གི་འགན་ཁུར། ཕ་མར་ཅི་ཞིག་གི་འགན་ཁུར་ཡོད་ཅེ་ན། བྱིས་པའི་དུས་ཚོད་འཕྲོ་བརླག་ཏུ་མ་བཏང་བར་སློབ་གྲྭར་སྐྱེལ་རྒྱུའི་འགན་ཁུར། སློབ་མ་ཅི་ཞིག་གི་འགན་ཁུར། སློབ་གྲྭ་ཆེན་མོར་སོང་ནས་དུ་བ་འཐེན་པ། ཆང་འཐུང་བ། རྐྱལ་སྟོང་མི་བྱེད་པར་སློབ་སྦྱོང་ཡག་པ་ཞིག་བྱེད་རྒྱུའི་འགན་ཁུར་ཡོད་ནི་རེད། ངའི་བཟོ་གྲྭ་ཡིན་ན་སློབ་མ་དེར་སྦྱིན་བདག་བྱེད་རྒྱུའི་འགན་ཁུར་ཡོད་ནི་རེད། ངེད་གསུམ་པོའི་བར་ན་དེ་འདྲའི་གན་རྒྱ་ཡོད། ཁ་སང་དེ་རིང་ཡིན་ན་ཕལ་ཆེར་སློབ་མ་བཅོ་བརྒྱད་ལ་སློབ་གྲྭ་ཆེན་མོར་མུ་མཐུད་དུ་རོགས་སྐྱོར་བྱེད་ཀྱིན་ཡོད། མ་དངུལ་གཏོང་ས་གཅིག་དེ་རེད། གཉིས་ཡིན་ན་ཉིས་སྟོང་བཅུ་བཞི་ལོའི་སྐབས་འདིར་སྒོར་མོ་ཁྲི་ལྔ་བརྒྱ་དྲུག་བརྒྱ་དེ་འདྲ་བསགས་ཡོད། ང་ཚོའི་ཁ་སྒང་ས་ཆ་ཡིན་ན་ལམ་ཡིན་ན་ཆུ་ཡིན་ན་དཀའ་ངལ་ཡོད་ནི་དེ་མོ་རེད། ཐ་ན་མགྲོན་པོ་དང་འགོ་ཁྲིད་ཡིན་ན་ཐོན་རྒྱུར་དཀའ། ངའི་འབྲེལ་ཡོད་ལས་ཁུངས་སློབ་གསོ་ཅུའུ་རེད། སློབ་གྲྭ་ལོ་དགུ་བཅུ་ཐམ་པའི་རིང་ལ་སློབ་གསོ་ཅུའུ་ཅུའུ་ཀྲང་ཐོན་ཡོད་ནི་མ་རེད། རྒྱུ་མཚན་ཅུའུ་ཀྲང་སོགས་ཡོང་མ་འདོད་པ་དེ་མ་རེད། གཙོ་བོ་ལམ་གྱི་དཀའ་ངལ་གྱི་འོག་ནས་ཡིན། དབྱར་ཁ་ལྟ་བུར་མཚོན་ན། ཆར་བབས་བཞག་པ་ཡིན་ན་གནས་དེ་ནས་བསྡད་པ་ལས་འགྲོ་ཁག་པོ་ཡིན། མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཟེར་བ་ལྟར་ང་ཚོའི་ས་གནས་ངོ་མ་དེ་འདྲ་རེད། ས་བདེ་ས་དྲོད་ས་ལམ་བདེ་ས་དེ་འདྲ་ཞིག་ཏུ་སྤོར་དགོས་སྙམ་ནས་ཀ་མདོ་ས་ཆ་དེ་ནས་ས་མུའུ་སོ་གསུམ་ཅན་ཞིག་ཞིག་ཉོས་ཏེ་འཛུགས་སྐྲུན། དེར་སྒོར་ཁྲི་སྟོང་ཞིག་བཏང་། ཉིས་སྟོང་བཅོ་ལྔ་ལོར་སློབ་གྲྭ་དེར་གནས་སྤར། ད་ངས་དགའ་ཡ་བཟོ་གྲྭ་བསྒྲུབས་པའི་དམིགས་ཡུལ་ཡིན་ན་འདྲ། དགའ་ཡ་བཟོ་གྲྭའི་ཡོང་སྒོ་ཡིན་ན་འདྲ། ཆེས་རང་ཉིད་དུང་ས་དང་ཤུགས་རྒྱག་ས་དེ་ས་གནས་དེའི་རིག་གནས་སློབ་གསོའི་ཕྱོགས་དེ་རེད།

གསར་འགོད་པ།

རེད་རེད། ཨ་ཁུ་ཤེས་རབ། དེ་ཡིན་ན་དུས་ཚོད་མང་བ་མེད་ཀི། ལེའུ་ཚན་གྱི་མཇུག་མཐར། ཁྱོད་རང་ཉིད་ཡིན་ན་ལོ་ངོ་དུ་མའི་རིང་ཚོང་ལས་གཉེར་ཏེ་ཡོང་བས་ཉམས་མྱོང་མང་བ་ཡོད་ཀི ཉམས་མྱོང་ཡོད་པའི་སྟེང་ཁེ་ལས་དང་ཚོང་ལས་སོགས་གོམ་པ་སྤོ་བསམ་པའི་ན་གཞོན་ཚོར་ཚིག་འགའ་གསུང་ན།

དཔའ་ལུང་བ་ཤེས་རབ་རྒྱ་མཚོ།

ཨོ་རེད། དེ་ན་རང་ཉིད་ལ་ཉམས་མྱོང་ཆེན་པོ་ཡོད་ནི་མ་རེད་དེ་རང་གི་དྲན་ཚུལ་ཙམ་བཤད་ན། ཚོང་ལས་ཡིན་ན་འདྲ། རིག་གནས་ཀྱི་བྱ་བ་ཡིན་ན་འདྲ། གང་དང་གི་ཕྱོགས་ནས་གཙོ་བོ་མི་རིགས་ཀྱི་རིག་གནས་དང་འགལ་མི་ཉན་གི ང་ཚོར་ཡིན་ན་བོད་མི་རིགས་རེད། བོད་མི་རིགས་ཡིན་ན་ལས་རྒྱུ་འབྲས་ཁས་ལེན་ནི་དེ་འདྲ་རེད། ལས་རྒྱུ་འབྲས་དང་འགལ་བའི་ཚོང་ལས་ཡིན་ན་རྒྱུན་རིང་རྒྱུ་མ་རེད། ཚོང་ར་ཡང་ཡོད་པར་ཧ་ཅང་དཀའ་རྒྱུ་རེད། ཚོང་ལས་པ་ཡིན་ན་གཙོ་མཛད་སྤྱོད་པ་དང་ཚོང་རར་རྒྱུས་ལོན་ཡག་པ་བྱེད། ཚོང་ར་དེ་དང་བསྟུན་པའི་ཐོན་རྫས་གསར་བཏོད་རང་བཞིན་ཅན་ཞིག་ཐོན་སྐྱེད་བྱེད་དེ་ཁྲོམ་ར་ཅན་ཞིག་བསྒྱུར་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཚོང་རྫས་དེ་ཡིན་ཡང་གཅིག་མཚུངས་རེད། ཚད་ལྡན་དང་ཚད་ལྡན་མ་ཡིན་པ་ཟེར་བ་དེ། རང་ཉིད་མི་ཚད་ལྡན་ཡིན་ཡང་ཐོན་རྫས་ཚད་ལྡན་མ་ཡིན་པ་ཡིན་ན་ད་དུང་ཚོང་ར་ལག་ཏུ་རྙེད་རྒྱུ་དཀའ་མོ་རེད། དེའི་རྒྱུ་མཚན་གྱིས་མི་ཚད་ལྡན་ཡིན་པའི་སྟེང་ནས་ལག་ཏུ་ཐོན་པའི་ཐོན་རྫས་ཚད་ལྡན་ཅན་ཞིག ཚད་ལྡན་གཉིས་འཛོམས་ཡིན་པའི་སྟེང་ནས་ཚོང་ར་ཅན་དུ་བསྒྱུར། ཚད་ལྡན་ཅན་གྱི་ཁྱབ་བསྒྲགས་བྱས་པ་ན་ཚོང་ལས་ཀྱི་ལམཁ་ཡག་པ་ཞིག་ཏུ་འགྲོ་ཐུབ་བསམ་གི་ཡོད། དེར་ཤུགས་རྒྱག་པ་དང་སྤོབས་པ་ཡོད་རྒྱུ་དེ་བཤད་མ་དགོས་པ་དེ་རེད།

གསར་འགོད་པ།

རེད་རེད། ཨ་ཁུ་བཀའ་དྲིན་ཆེ། དེ་ན་མཇུག་མཐར་གངས་ལྗོངས་དགའ་ཡའི་ཚོང་གསར་ཁོར་སྲུང་ལྷ་དར་ཁྲོམ་བསྒྲགས་ཚོགས་འདུ་བདེ་བླགས་ངང་ལེགས་འགྲུབ་བྱུང་བར་ངས་འདི་ནས་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཚོང་ལས་ཀྱི་ལམ་ཁ་སྔར་ལས་ཡངས་ཤིང་ཁྱེད་ཀྱི་ཕ་ཡུལ་དཔའ་ལུང་ས་ཆའི་སློབ་གསོ་གོང་ནས་གོང་དུ་འཕེལ་བར་བཀྲ་ཤིས་སྨོན་འདུན་ཞུ།

དཔའ་ལུང་བ་ཤེས་རབ་རྒྱ་མཚོ།

ཡ་ཡ། བཀའ་དྲིན་ཆེ།                                                        

ཕབ་བཤུ་བ་དང་མཁོ་སྤྲོད་པ།  གསར་འགོད་པ།  རྒྱ་འདུ་སངས་རྒྱས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-04-05 ལྟ་ཀློག (10986)