ཐོན་མིའི་སློབ་ཚོགས་ཀྱི་གསལ་བརྡ།

 ཐོན་མིའི་སློབ་ཚོགས་ཀྱི་གསལ་བརྡ།

       གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་པའི་མཐར་ཕྱིན་སློབ་མ་ཡོངས་ཀྱི་སྙན་དྲུང་དུ་ཞུ་མཆིད། སྤྱིར་བོད་གངས་རིའི་ལྗོངས་ལ་བཀའ་དྲིན་བླ་ན་མཐོ་ཞིང་ནང་སྒོས་རང་ཅག་བུ་སློབ་ཡོངས་བརྩེ་ཆེན་ཉི་མ་གཞོན་ནུས་རྣམ་ཀུན་ཉེ་བར་སྐྱོང་བའི་སློབ་དཔོན་རིན་པོ་ཆེ་འཇིགས་མེད་རྒྱལ་མཚན་མཆོག་གི་མཛད་པ་འཕྲིན་ལས་རྒྱ་མཚོ་ལས་གསུང་གི་མཛད་པ་མང་བོ་ཞིག་བོར་བརླགས་སུ་འགྲོ་བ་དང་། ཁྱད་པར་དུ་མི་རེ་འགས་ཁོང་གི་གསུང་བཤད་རེ་གཉིས་ཕབ་བཤུ་རེ་བྱས་ཡོད་ཀྱང་ཚད་ལྡན་ཞིག་ཐོན་ཐུབ་མེད་པར་མ་ཟད། ཀུན་སློང་འདྲ་མིན་གྱི་དབང་གིས་ཁོང་གི་གསུང་ཆ་ཚང་མ་བཀོད་པར་རང་གི་ཞེ་འདོད་ལྟར་དུམ་ཚན་རེ་དྲྭ་ཐོག་ཏུ་བཀོད་ནས་ཆེད་དུ་དཀྲོག་གཏམ་བཟོ་བ་དང་ངོ་བོ་གཞན་དུ་བསྒྱུར་བའང་མི་ཉུང་བ་རེ་སྣང་བས་ང་ཚོ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱིས་ཚུལ་འདི་དག་ལ་ཆེད་དུ་དམིགས་ནས་སློབ་དཔོན་རིན་པོ་ཆེ་ཁོང་ལ་ཡང་དང་བསྐྱར་དུ་ནན་གྱིས་ཞུ་བ་ཕུལ་ངོར་ཁོང་རིན་པོ་ཆེས་ཀྱང་ད་རེབ་བཀའ་འཁྲོལ་ལེགས་པར་ཐོབ་སྟེ་ཁོང་གི་གསུང་ཆོས་ཕྱོགས་བསྡུ་དང་ཕབ་བཤུ། དག་བསྒྲིགས་དང་ཉར་ཚགས། པར་སྐྲུན་དང་འགྲེམ་སྤེལ་སོགས་ཀྱི་འགན་འདི་ང་ཚོ་བུ་སློབ་སྤྱིའི་ཕྲག་སྟེང་དུ་ལེན་པའི་བསོད་ནམས་ཀྱི་སྐལ་བ་ལྡན་པ་བྱུང་བས་ང་ཚོས་ཀྱང་སློབ་དཔོན་བཀའ་དྲིན་ཅན་ཁོང་ལ་བཀའ་འདྲི་དང་གྲོས་བསྡུར་བརྒྱུད་ནས་ཆེད་དུ་གསུང་ཆོས་རྩོམ་སྒྲིག་ཚན་ཆུང་ཞིག་རྩ་འཛུགས་བྱེད་པར་གྲོས་ཐག་བཅད་པ་ཡིན། དེ་བས་འཛིན་གྲྭ་དང་མི་སྒེར་བཅས་ཀྱིས་ཕབ་བཤུ་ཞུས་ཟིན་པའི་ཁོང་གི་གསུང་ཆོས་དག་ཀྱང་འདི་གར་མཁོ་སྤྲོད་གནང་རྒྱུ་དང་། ཚུལ་འདི་ལ་མོས་པ་ཟབ་པའི་དམ་ཚིག་གཅིག་པའི་མཐར་ཕྱིན་སློབ་གྲོགས་རྣམས་ཀྱིས་གཤམ་གྱི་ཆ་རྐྱེན་དག་ལ་གཟིགས་ནས་ཐོན་མིའི་སློབ་ཚོགས་གཞུང་ལས་ཁང་ལ་དུས་ལྟར་མིང་ཐོ་འགོད་རོགས་ཞུ། 

དང་བོ།  ངེས་པར་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་ཡིན་དགོས།
གཉིས་པ།  ཚུལ་འདི་ལ་མོས་པ་ཟབ་ཅིང་འགན་ཁུར་གྱི་འདུ་ཤེས་ཡོད་པ་ཡིན་དགོས།
གསུམ་པ། བོད་ཡིག་གི་ཆུ་ཚད་ངེས་ཅན་ལྡན་ཞིང་རྩོམ་འབྲིའི་ཐད་ལ་བྱང་ཆ་ཡོད་པ་ཡིན་དགོས།
བཞི་བ།   ཚུལ་འདི་ལ་མོས་པའི་སློབ་གྲོགས་རྣམས་ཀྱི་མིང་ཐོ་བཀོད་ཚར་རྗེས་མི་གྲངས་ཀྱི་ཚད་ཐིག་ལྟར་གསུང་ཆོས་རྩོམ་སྒྲིག་ཚན་ཆུང་དངོས་སུ་རྩ་འཛུགས་བྱ་རྒྱུ་ཡིན།
ལྔ་བ།  རྗེས་ཕྱོགས་འདི་ག་གསུང་ཆོས་རྩོམ་སྒྲིག་ཚན་ཆུང་ལས་གཞན་སུས་ཀྱང་ཁོང་གི་གསུང་ཆོས་གང་འདོད་དུ་ཕབ་བཤུ་བྱས་མི་ཆོག 

 མིང་ཐོ་འགོད་པའི་དུས་ཡུན། 
སྤྱི་ཟླ་༤/༡---༥/༡བར་ཡིན།

མིང་ཐོ་འགོད་ཡུལ།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་གཞུང་ལས་ཁང་།

འབྲེལ་གཏུགས་ཨང་གྲངས།  
18197123666
15283703999
18097399998
15109745084
13548386840

གཙོ་སྒྲུབ་སྡེ་ཁག 
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས།
འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོའི་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་།
༢༠༡༨ལོའི་སྤྱི་ཟླ་༣ཚེས༢༧ཉིན་གངས་ལྗོངས་ཤེས་རིག་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་གཞུང་ལས་ཁང་གིས་སྤེལ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-03-27 ལྟ་ཀློག (8170)