གཙང་སྐོར་ཞོལ་མ་སློབ་ཆུང་གིས་འབྲོག་ལས་ཡོ་བྱད་འགྲེམ་སྟོན་དང་འབྲེལ་བའི་བྱ་འགུལ་སྤེལ་བ།

གཙང་སྐོར་ཞོལ་མ་སློབ་ཆུང་གིས་འབྲོག་ལས་ཡོ་བྱད་འགྲེམ་སྟོན་དང་འབྲེལ་བའི་

བྱ་འགུལ་སྤེལ་བ།


【བོད་ཁུལ་སློབ་རའི་གསར་འགྱུར།】

    ༢༠༡༨ལོའི་སྤྱི་ཟླ༣པའི་ཚེས༢༢ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་གཙང་སྐོར་ཞོལ་མ་ཡུལ་ཤོག་ལྟེ་གནས་བཅའ་སྡོད་སློབ་ཆུང་གིས་ང་ཚོ་བོད་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་མང་པོ་ཞིག་ཉམས་རྒུད་དུ་འགྲོ་བཞིན་པར་དམིགས་ནས་ཉམས་པ་སླར་གསོ་དང་མ་ཉམས་པ་གོང་སྤེལ་གྱི་ཆེད་དུ་འབྲོག་ལས་ཡོ་བྱད་འགྲེམ་སྟོན་དང་འབྲེལ་བའི་བྱ་འགུལ་སྤེལ

      བྱ་འགུལ་ཁྲོད་ན་ཆུང་སློབ་གྲོགས་མང་པོ་ཞིག་གིས་རང་ས་གནས་ཀྱི་རིག་གནས་སམ་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་འབྲོག་ལས་ཡོ་བྱད་མང་པོ་ཞིག་ངོ་མི་ཤེས་པ་དང་། མཐོང་མ་མྱོང་བ་།  མཐོང་ཡང་ངོས་མི་ཟིན་པའི་གནས་ཚུལ་སོགས་ལ་གཞིགས་ཏེ་དགུན་གནང་སྐབས་སུ་ཁྱིམ་བདག་གིས་རོགས་རམ་དང་ངོ་སྤྲོད་ལ་བརྟེན་ནས་སྦྲ་ནག་དང་འོ་ཟོ། ཐགས། སྒྲོག  འུར་ཆ། སྒྲོ་བ། མཆིག་སོགས་སློབ་མ་དང་ཁྱིམ་བདག་མཉམ་རོལ་གྱིས་བཟོས་པའི་འབྲོག་ལས་ཡོ་བྱད་རིགས་མི་འདྲ་བ་བརྒྱ་ལ་ཉེ་བ་ཞིག་གཙང་སྐོར་ཞོལ་མ་ཡུལ་ཚོའི་གཙང་བ་བཀོད་ཐང་དུ་འགྲེམ་སྟོན་བྱས་ཤིང་།

     ཐེངས་འདིའི་བྱ་འགུལ་ལ་ཡུལ་ཤོག་སྲིད་གཞུང་གི་མགོ་ཁྲིད་དང་སློབ་མའི་ཁྱིམ་བདག  གཙང་ཞོལ་མ་སློབ་ཆུང་གི་དགེ་སློབ་ཡོངས་མཉམ་ཞུགས་བྱས་ཡོད།  ཞོར་དུ་ས་གནས་འདིའི་རྒན་པ་འགོ་བ་དང་དབང་རྒྱས།  སྒྲོལ་མ་སྐྱབས་དང་བཀྲ་རྒྱལ། རྒན་ཡག་ཤུལ་ལྷུན་འགྲུབ་ལགས་བཅས་རྒན་པ་ལྔ་གདན་ཞུ་བྱས་ཏེའགྲེམ་སྟོན་བྱས་པའི་བརྩམས་ཆོས་ཀྱི་ཁྲོད་ནས་ཕུལ་དུ་བྱུང་བ་དང་ཁྱད་ཆོས་གཟེངས་སུ་ཐོན་པ་རྣམས་བདམས་ནས་ཨང་དང་པོ་གསུམ།  གཉིས་པ་དྲུག  གསུམ་པ་དགུ་བཅས་ཁྱོན་བརྩམས་ཆོས༡༨ལ་བྱ་དགའ་གནང་།

འགྲེམ་སྟོན་བྱས་པའི་བརྩམས་ཆོས་ཀྱི་ཚོམས།

འགྲེམ་སྟོན་བྱས་པའི་ཡུལ་དངོས།

ལོ༨༨ལ་སོན་པའི་དཔྱད་འདེམ་པ་རྒན་འགོ་བས་བརྩམས་ཆོས་ལ་གཟིགས་ཞིབ་གནང་བཞིན་པ།

དཔྱད་འདེམ་པ་རྣམས་ཀྱིས་བརྩམས་ཆོས་རེ་རེར་གཟིགས་ཞིབ་བྱེད་པ།

བརྩམས་ཆོས་རྣམས་ལ་སྐར་མ་རྒྱག་བཞིན་པའི་རྣམ་པ།

    བྱ་འགུལ་ཁྲོད་ཀྱི་བརྩམས་ཆོས་བཅོ་བརྒྱད་བདམས་ཐོན་བྱུང་རྗེས་དཔྱད་འདེམ་པ་རྣམས་ཀྱིས་འགྲེམ་སྟོན་བརྩམས་ཆོས་ཡོད་ཚད་ལ་གདེང་འཇོག་ཚད་མཐོན་པོ་གནང་བར་མ་ཟད།  སློབ་གྲྭས་བྱ་འགུལ་འདི་འདྲའི་རླབས་ཆེན་ཞིག་སྤེལ་བར་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད་ལ། བརྩམས་ཆོས་འདི་དག་གི་རིན་ཐང་དང་ཁྱད་ཆོས་སོགས་ཀྱི་ཐད་ནས་ཐུགས་ཡིད་ཚིམ་པའི་གཏམ་གླེང་ལྷུགས་པོར་གནངས་སོང་།

རིག་བཟང་སློབ་བུའི་ཁྱུ་ཚོགས།

     མཐར་རིག་རྩལ་ཚན་ཆུང་གི་སློབ་གྲོགས་རྣམས་ཀྱི་སྐད་ངག་སྙན་མོའི་འགྱུར་ཁུགས་ཁྲོད་ནས་ཐེངས་འདིའི་གཙང་སྐོར་ཞོལ་མ་ཡུལ་ཤོག་ལྟེ་གནས་བཅའ་སྡོད་སློབ་ཆུང་གི་སློབ་མས་བཟོས་པའི་སྲོལ་རྒྱུན་ཡོ་བྱད་འགྲེམ་སྟོན་དང་དཔྱད་འདེམ་བྱ་འགུལ་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་ནས་མཇུག་བསྡུས།

གསར་འགོད་པ།  འབོ་ར་རྨ་ཆེན་སྐྱབས།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2018-03-22 ལྟ་ཀློག (5771)