གསོ་རིག་བསྟན་པའི་ཀྭ་ཆེན་ཨ་ཁུ་བསྟན་ཁོ་མཆོག་རྗེས་སུ་དྲན་པ།






༄༅།།སྡུག་ཡུས་གཅོང་རོང་འགག་གི་གད་རྒྱངས།

གླིང་བ་བྱང་རིག་ཁོས།

གངས་ལྗོངས་གསོ་རིག་དཔལ་གྱི་དཀྱིལ་འཁོར་རྫོགས།།

གཞུང་དོན་མན་ངག་ལག་ལེན་གསལ་མཛད་མཁན།།

ཕུལ་བྱུང་མཁྱེན་བརྩེའི་དབང་ཕྱུག་རིན་ཆེན་གཏེར།།

དུས་སུ་འདོམས་མཛད་གཡུ་ཐོག་གཉིས་པ་དྲན།།

 

རྒྱལ་བསྟན་མི་ནུབ་དགུང་ལ་བསྒྲེངས་པས་དཔའ།།

ཉོན་མོངས་ཟུག་རྔུའི་རྩ་བ་གཞོམ་པའི་སྨན།།

རོ་ནུས་ཞུ་བའི་གྱུར་ཚུལ་མཁྱེན་དཔྱོད་རྒྱས།།

ན་གཟེར་དྲུངས་ནས་འབྱིན་པའི་ཐབས་ཚུལ་མོད།།

 

འགྲོ་བའི་མགོན་ཁྱོད་ལྗོངས་འདིར་བལྟམས་པ་ནས།།

རྒྱལ་སྲས་དཔའ་བོའི་མཛད་སྤྱོད་ཚུལ་བཟུང་ནས།།

སྣ་ཚོགས་ཤེས་རབ་ཐབས་ཀྱི་སྒྱུ་འཕྲུལ་གྱིས།།

འཁུ་འཁྲིག་ཅན་སོགས་འདུལ་བའི་མཛད་པ་དྲན།།

 

རིག་གསར་འཁྱོན་མའི་གཡོ་འཕྲུལ་མཐུ་བཙན་པས།།

གངས་ལྗོངས་གསོ་རིག་རྡུལ་ཁྲོད་གཟིམ་པའི་སྐབས།།

བྱང་ཟུར་མཁས་པའི་ཕྱག་སྲོལ་མན་ངག་ཆབ།།

སྙིང་སྟོབས་རྩལ་གྱིས་ལྗོངས་འདིར་འཕངས་མེད་དྲངས།།

 

དམ་པའི་སྐྱེས་པོའི་རླབས་ཆེན་ཚངས་སྤྱོད་ལྟར།།

གླང་ཐང་བཤེས་ཀྱི་རྣམ་ཐར་ཚུལ་བཟུང་ནས།།

ཐུགས་ཆུང་ཆོག་ཤེས་མི་སྨྲའི་རྟུལ་ཞུགས་ཀྱིས།།

གསོ་རིག་བསྟན་པ་བསྐྱངས་པའི་མཛད་ཆེན་དྲན།།

 

སྙིགས་མའི་འགྲོ་བའི་སྣ་ཚོགས་ཟུག་རྔུ་ལ།།

ཤེས་རབ་རྩལ་གྱིས་བསྐྱེད་པའི་སྦྱོར་སྡེའི་ཚོགས།།

མུ་ཏིག་བསྟར་ལ་བརྒྱུས་པའི་གཅེས་ནོར་རྣམས།།

ཤུལ་འཛིན་བུ་ལ་གནང་བ་ལྷག་ཏུ་དྲན།།

 

བྷོ་ཊའི་འཆི་མེད་ཚེ་རིག་བསམ་འཕེལ་ནོར།།

ཆོལ་གསུམ་བུང་བ་གཞོན་ནུའི་མཛེས་རྒྱན་དུ།།

སློབ་གླིང་སྐྱེད་མོའི་ཚལ་ཆེན་གསར་དུ་བསྐྲུན།།

ས་སྟེང་འཚོ་བྱེད་གང་བའི་བྱས་རྗེས་དྲན།།

 

རྩོད་དུས་འགྲོ་ལ་ནད་ཀྱི་ན་བུན་འཁྲིགས།།

སྨན་རྣམས་ཚོང་བའི་ལག་དང་སྲང་ན་བྲིན།།

གསོ་དཔྱད་གཞུང་བཞིན་མ་སྦྱར་བོར་བའི་སྐབས།།

དམ་པ་མཆོག་ཉིད་རབ་ཏུ་དྲན་པས་མནར།།

 

འཚོ་བྱེད་ལམ་གོལ་ཅན་གྱི་ཆགས་སྲེད་ཀྱིས།།

སྨན་རྣམས་ཚད་བཞིན་མ་སྦྱར་རྩྭ་སྐྱ་བཞིན།།

ནད་ཀྱི་དཔུང་སྟོབས་མ་གཞོམ་རྔམ་མཐུག་སྐབས།།

དམ་པའི་རང་མདངས་ཝ་ལེར་ཤར་བས་སྐྱོ།།

 

སྨན་པ་འགྲོ་བ་རྗེས་སུ་འཛིན་པའི་མགོན།།

སྨན་དུ་ཐལ་བ་བྱིན་ཀྱང་གསེར་རྫོངས་པའི།།

གཙུག་ཏུ་བཀུར་བའི་ལས་དང་ལྡོག་པའི་སྐབས།།

སྨན་དཔའ་ཁྱེད་ལྟར་དཀོན་པས་འགྱོད་ཅིང་མནོང་།།

 

སྨན་པའི་རྒྱུ་དྲུག་ཚང་བའི་འཚོ་བྱེད་རྗེ།།

དུས་འདིར་དཀོན་པ་ཉིན་མོའི་སྐར་མའི་ཟླ།།

གཡོ་ཟོལ་མགོ་སྐོར་གཏོང་བའི་ཚུལ་མཐོང་ན།།

གཡུ་ཐོག་མི་ཡུལ་བྱོན་པའི་ངང་ཚུལ་དྲན།།

 

འཆི་མེད་གསོ་རིག་གཙུག་ལག་བང་མཛོད་ལས།།

ལེགས་པར་བསྐྱངས་པའི་འཚོ་བྱེད་གོས་དཀར་སྡེ།།

གང་ཉིད་བཞུད་པའི་ཤུལ་ན་སྐྱོ་གདུང་གིས།

སེམས་ཀྱི་རྨ་ཁ་མ་གསོས་ཟུག་རྔུས་མནར།།

 

མགོན་མེད་དྭ་ཕྲུག་འཁྱམ་པོའི་སྨྲེ་ངག་གིས། །

དམ་པ་གང་ཉིད་དྲན་པ་མཆི་མའི་ཕྲེང་།།

ལུ་གུ་བརྒྱུད་དུ་ཐོར་བའི་སྐྱོ་གར་ལ།།

སྨན་སྐྱོང་དམ་ཅན་སྡེ་དགུས་སྙིང་རྗེ་གཟིགས།།

 

དེང་འདིར་ནད་པ་སྨན་ལ་མི་དད་ཅིང་།།

སྨན་པས་ནད་པར་གསོ་བ་མི་སྒྲིམ་ལ།།

ནད་སྨན་རྟེན་འབྲེལ་ལོག་པའི་སྐབས་ཉིད་ན།།

སྙིགས་མའི་མགོན་པོས་མ་གཡེལ་རྟག་ཏུ་སྐྱོངས།།

 

གངས་ལྗོངས་གསོ་རིག་བསྟན་པའི་དེད་དཔོན་ཆེ།།

སྙིང་རྗེ་ཆེན་པོའི་འགྲོ་བའི་དོན་སླད་དུ།།

ཐུགས་རྗེ་མ་ལྷོད་སྔོན་གྱི་དམ་བཅའ་ལྟར།།

སླར་ཡང་འགྲོ་བའི་གཉེན་དུ་མྱུར་འབྱོན་ཤོག །


ཅེས་སྡུག་ཡུས་དང་ངེ་མོའི་སྐྱོ་གདུང་གིས་མནར་བའི་གཅོང་རོང་འགག་གི་གད་རྒྱངས་ཤུགས་རིང་ནར་མོ་འདི་ཉིད་དགེ་བའི་བཤེས་གཉེན་ཆེན་མོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ ༧ རྗེ་བསྟན་འཛིན་དོན་འགྲུབ་དཔལ་བཟང་བོའི་བུ་སློབ་རྒྱུ་སྐར་གྱི་གྲངས་ལ་ཅོ་འདྲི་བའི་གྲལ་མཐའ་བ་འཚོ་བྱེད་སྨན་པའི་གཟུགས་བརྙན་ཙམ་འཛིན་པའི་གྱི་ན་བ་གླིང་བ་བྱང་རིག་ཁོས་བྲིས་སོ།།  །།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2018-03-06 ལྟ་ཀློག (5444)