ས་ཁྱི་ལོའི་ཤིས་ཚིག་དུང་ཟླའི་གཟི་འོད།

ས་ཁྱི་ལོའི་ཤིས་ཚིག་དུང་ཟླའི་གཟི་འོད།

བཛྲ་ཚུལ་ཁྲིམས་ཀྱིས་བརྩམས།

 

རབ་འབྱམས་རྒྱལ་བ་རྒྱ་མཚོའི་སྙིང་རྗེའི་གཏེར།།

རབ་དཀར་འོད་ཀྱི་ཕུང་བོར་ཤར་བའི་ལྷ།།

རབ་ཡངས་ཁ་བ་རི་བའི་དཔུང་གཉེན་དུ།།

རབ་བྱོན་སྤྱན་རས་གཟིགས་མགོན་སྙིང་ནས་བསྟོད།།

དྲི་མེད་དད་གསུམ་འོ་མཚོ་བསྲུབས་པ་ལས།།

བྱུང་བའི་བསྟོད་ཚིག་དུང་ཟླའི་གཟི་འོད་ཀྱིས།།

གང་གང་ཡིད་ལ་བསམ་པའི་རེ་བ་ཀུན།།

ཇི་ལྟར་སྨོན་བཞིན་འགྲུབ་པའི་ཤིས་པ་སྩོལ།།

ལག་ཟུང་པདྨོའི་འདབ་མ་སྙིང་དབུས་སུ།།

བཀོད་ནས་བླ་མ་དཀོན་མཆོག་གསུམ་ལ་འབོད།།

བསྟན་འཛིན་སྤྱི་དང་ཁྱད་པར་གངས་རི་བའི།།

གཉེན་གྱུར་བླ་མའི་སྐུ་ཚེ་བརྟན་པར་མཛོད།།

བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་དང་།།

བཅོས་མ་ཚུན་གྱིས་ཟིན་ལ་འབད་བྱས་ནས།།

མདོ་རྒྱུད་སྙིང་ནས་འདོན་ནོ་རིགས་དྲུག་དང་།།

ཁྱད་པར་འཛམ་གླིང་ཞི་བདེས་འཚོ་བར་སྨོན།།

སྔོན་བྱོན་དམ་པ་མང་བོས་བཀའ་བསྒོས་པའི།།

དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་དང་།།

ཆོས་སྐྱོང་སྲུང་མར་མཆོད་དོ་གདོང་དམར་བའི།།

ཆོས་རིག་སྲིད་གསུམ་དར་བའི་འཕྲིན་ལས་སྒྲུབས།།

བླ་མ་ཡི་དམ་མཆོག་གསུམ་བྱིན་རླབས་དང་།།

རང་ཡང་དགེ་ལ་འབད་པའི་མཐུ་ཉིད་ལས།།

རྣམ་དག་སྨོན་པའི་བདེན་ཚིག་ཅི་བརྗོད་ཀུན།།

གནམ་ལོ་གསར་བའི་མདངས་ལ་སྨིན་པར་ཤོག།

མདོར་ན་ལྷ་དང་བླ་མའི་སྐུ་ཚེ་བརྟན།།

སྐྱ་སེར་འབངས་རྣམས་སྐྱིད་ཀྱི་དཔལ་ལ་རོལ།།

ནག་ཕྱོགས་བསམ་སྦྱོར་ངན་པའི་གདུག་རྩུབ་ཞི།།

འཆམ་མཐུན་གཡང་གིས་སྣོད་བཅུད་གང་བར་ཤོག།

        ཅེས་ས་ཁྱི་ལོའི་ཤིས་ཚིག་དུང་ཟླའི་གཟི་འོད་ཅེས་བྱ་བ་འདི་ནི། ཤཀྱཱའི་དགེ་སྦྱོང་གི་གཟུགས་བརྙན་ཙམ་འཛིན་པ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ཞེས་བྱ་བས་གང་བསམ་སྨོན་པའི་རེ་བ་མ་ལུས་པ་བླ་མ་མཆོག་གསུམ་དང་རང་གིས་བསགས་པའི་རྣམ་དཀར་དགེ་བའི་བྱིན་མཐུ་ལ་ལྷག་བསམ་གཙང་མས་བཅོལ་ནས། སྤྱི་ལོ་༢༠༡༨ལོའི་ལུགས་རྙིང་ཟླ་༡༢ཚེས་༢༩ཉིན། ཕ་ཡུལ་གྱི་ཕུ་བོའི་དགུན་ས་ཨ་ཡག་ཤར་ནས་བྲིས་པའོ།།

 གནམ་ལོ་གསར་བའི་ནང་ཁྱེད་ཅག་ཀློག་པ་བོ་དག་གི་ལས་བསོད་རླུང་རྟ་རྒྱས་པ་དང་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-02-16 ལྟ་ཀློག (4569)