སྲིད་ན་དཀོན་པའི་སངས་རྒྱས་ཀྱི་རིང་བསྲེལ་བྱིན་ཅན།

 སྲིད་ན་དཀོན་པའི་ཧྲན་ཞི་ཆོས་སྒོ་དགོན་གྱི་སངས་རྒྱས་རིང་བསྲེལ་བྱིན་ཅན།  
ཉི་མ་རྒྱལ་མཚན་གྱིས་བསྒྱུར།
     ཆོས་སྒོ་དགོན་གྱི་ས་འོག་གི་ཕོ་བྲང་སྒོ་ཕྱེས་པས་ཐང་རྒྱལ་རབས་ཀྱི་སྟོབས་ཤུགས་ཕྱེད་ཙམ་མཐོང་ཐུབ་ལ། ཐང་རྒྱལ་རབས་ཀྱི་ངོ་མཚར་ལྡན་པའི་སྟོབས་ཤུགས་ཆེན་པོ་དེ་སངས་རྒྱས་ཀྱི་རིང་བསྲེལ་འདིའི་ཕྱིར་དུ་ཕུལ་ཡོད། སྲིད་ན་མངོན་པར་འཕགས་པའི་སངས་རྒྱས་ཀྱི་རིང་བསྲེལ་ནི་ཇི་ལྟར་མངོན་པ་རེད་ཟེར་ན། དེ་ནི་ཕལ་ཆེར་འགྲོ་བའི་བསོད་ནམས་ཀྱིས་སྨིན་པ་ཡིན་སྲིད། སྤྱི་ལོ་༡༩༨༧ལོའི་ལུགས་རྙིང་གི་ཟླ་བ་བཞི་བའི་ཚེས་པ་བརྒྱད་དེ་སངས་རྒྱས་ཀྱི་འཁྲུངས་སྐར་དུས་ཆེན་ཉིན་མོའི་ཐོ་རེངས་སུ་གནའ་རྫས་རྟོག་ཞིབ་པས་རིན་པོ་ཆེའི་སྒམ་ཆུང་རེ་རེ་ཁ་ཕྱེས་པས་རིང་བསྲེལ་དང་པོ་དེ་མངོན་བྱུང་།

       ས་འོག་ཕོ་བྲང་ལ་མདུན་ཁང་དང་དཀྱིལ་ཁང་། རྒྱབ་ཁང་བཅས་ཡོད་ལ། དེས་བདུན་གྱི་ལྷ་ཁང་དང་དཀྱིལ་གྱི་ལྷ་ཁང་། རྒྱབ་ཀྱི་ལྷ་ཁང་བཅས་མཚོན། མདོག་དམར་པོའི་རྟགས་མཚོན་དེ་རིང་བསྲེལ་གྱི་གཞུགས་གནས་ཡིན།  ས་འོག་ཕོ་བྲང་དུ་ཁྱོན་རུས་གཟུགས་རིང་བསྲེལ་བཞི་འདུག་ལ་དེའི་ཁྲོད་ཀྱི་གཅིག་སངས་རྒྱས་ཀྱི་རང་བསྲེལ་དངོས་མ་ཡིན།  རུས་གཟུགས་རིང་བསྲེལ་གཞན་གསུམ་ནི་རིང་བསྲེལ་དངོས་མ་དེ་རྐུན་ལ་མི་ཤོར་བའི་ཆེད་དུ་དམིགས་བསལ་གྱིས་བཀོད་པ་ཞིག་ཡིན་ཞིང་དེ་དག་སངས་རྒྱས་ཀྱི་རིང་བསྲེལ་དངོས་མ་མིན་ནོ། །

 ༡ ࿄ ས་འོག་ཕོ་བྲང་གི་མདུན་ཁང་དུ་བཞུགས་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོའི་མཆོད་རྟེན།

 ༢ ࿄ མྱ་ངན་མེད་ཀྱི་རྡོའི་མཆོད་རྟེན་ཁ་ཕྱེས་པ་ན་ནང་དུ་དར་གོས་ཀྱི་ཐུམ་པོ་ཞིག་འདུག་ཅིང་།  ཐུམ་པོ་ཁ་ཕྱེས་པ་ན་ནང་དུ་གསེར་ཟངས་ཀྱི་མཆོད་རྟེན་ཞིག་ཡོད། 

 ༣ ࿄ གསེར་ཟངས་ཀྱི་མཆོད་རྟེན་ནང་དུ་དར་ཟབ་ཀྱི་ཁུར་པོ་ཞིག་མཆིས་ལ། ཁུར་པོ་ཁ་འབྱེད་པ་ན་དངུལ་གྱི་པུར་སྒམ་ལ་གསེར་གྱི་རི་མོས་རྒྱན་ཡོད། དེ་ཁ་ཕྱེས་པ་ན་ནང་དུ་རུས་གཟུགས་རིང་བསྲེལ་ཞིག་འདུག  

 ༤ ࿄ ས་འོག་ཕོ་བྲང་གི་དཀྱིལ་ཁང་དུ་གཡང་ཊི་དཀར་པོའི་ཡོལ་གུར་བཞག་ཡོད་ཅིང་སྟེང་དུ་ཚོན་རིས་ཡོད། 

 ༥ ࿄ ཡོལ་གུར་ཚོན་རིས་མའི་ནང་དུ་ལྕགས་ཀྱི་སྒམ་ཆུང་ཞིག་འདུག 

 ༦ ࿄ ལྕགས་ཀྱི་སྒམ་ཆུང་ཁ་ཕྱེས་པ་ན་ལི་ཡིས་ཕྲ་རྒྱན་བཏབ་པའི་དངུལ་གྱི་པུར་སྒམ་ཞིག་ཡོད།
 ༧ ࿄ རུས་གཟུགས་རིང་བསྲེལ་གཉིས་པ་དེ་དངུལ་གྱི་པུར་སྒམ་དུ་བཞག་ཡོད།

 ༨ ࿄ གནའ་རྫས་རྟོག་ཞིབ་པས་སྔོག་འདོན་བྱེད་སྐབས་ས་འོག་ཕོ་བྲང་རྒྱབ་ཁང་གི་དཀྱིལ་ན་སྟེང་དུ་རྒྱལ་ཆེན་བཞི་བཞུགས་པའི་ལི་ལས་གྲུབ་པའི་སྒམ་ཆུང་ཞིག་མངོན། 

 ༩ ࿄ སྒམ་ཆུང་དེ་ཁ་ཕྱེས་པ་ན་ནང་དུ་དངུལ་སྒམ་ཕྲ་རྒྱན་ཅི་ཡང་མེད་པ་ཞིག་འདུག

 

 ༡༠ ࿄ དངུལ་སྒམ་ཁ་ཕྱེས་པ་ན་ནང་དུ་ལི་ལས་གྲུབ་པའི་སྒམ་སྟེང་དུ་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་སྐོར་བའི་རྣམ་པའི་རི་མོ་ཡོད་པ་ཞིག་འདུག

 ༡༡ ࿄ སྒམ་ཆུང་དེ་ཁ་ཕྱེས་པ་ན་སྤྱན་རས་གཟིགས་ཕྱག་དྲུག་གིས་རྒྱན་པའི་གསེར་སྒམ་ཞིག་འདུག

 ༡༢ ࿄ གསེར་གྱི་སྒམ་ཆུང་དེ་ཁ་ཕྱེས་པ་ན་ནང་དུ་མུ་ཏིག་གི་ཕྲ་རྒྱན་བཏབ་པའི་གསེར་བཙོ་མ་ལས་བཟོས་པའི་སྒམ་ཆུང་ཞིག་འདུག  

 ༡༣ ࿄ གསེར་བཙོ་མ་ལས་བཟོས་པའི་སྒམ་དེ་ཁ་ཕྱེས་པ་ན་མུ་ཏིག་སོགས་རིན་ཆེན་གྱིས་རྒྱན་པའི་སྒམ་ཆུང་ཞིག་འདུག 

 ༡༤ ࿄ སྒམ་ཆུང་དེ་ཁ་ཕྱེས་པ་ན་གསེར་བཙོ་མའི་མཚོད་རྟེན་སྒོ་བཞི་དང་ལྡན་པ་བཞུགས་འདུག་ཅིང་རིང་བསྲེལ་ཡང་མཐོང་ཐུབ། 

 ༡༥ ࿄ མཆོད་རྟེན་ཁ་ཕྱེས་པ་ན་རིང་བསྲེལ་མཐོང་བྱུང་ལ། འདི་ནི་རུས་གཟུགས་རིང་བསྲེལ་གསུམ་པ་དེ་ཡིན་ནོ།།

 ༡༦ ࿄ རྒྱབ་ཁང་གི་རྡོ་ལེབ་འོག་ཏུ་རྨིད་ཕྱེད་ཙམ་གྱི་དོང་ཞིག་འདུག་ཅིང་། དོང་ནང་དུ་ཟངས་ཀྱི་དོང་ཙེ་བླུགས་ཡོད་ཅིང་དོང་གི་རྒྱབ་རོལ་ན་ས་ཁུང་ཞིག་འདུག་ལ་འདི་ནི་གསང་བའི་མཆོད་སྒམ་ཞིག་ཡིན། 
 ༡༧ ࿄ གསང་བའི་མཆོད་སྒམ་ནང་དུ་ལྕགས་སྒམ་ཞིག་འདུག་ལ་དེ་སྔོན་མ་དར་གོས་ཀྱིས་སྤྲས་ཡོད་ཀྱང་དར་གོས་གཞི་ནས་རུལ་འདུག

 ༡༨ ࿄ ལྕགས་སྒམ་དེ་ཁ་ཕྱེས་པ་ན་ནང་དུ་དངུལ་གྱི་སྒམ་ལ་ལི་ཡི་འདྲ་སྐུ་བཞི་བཅུ་ཞེ་ལྔས་རྒྱན་པའི་སྟེང་དུ་༼གོང་མས་སངས་རྒྱས་ཤཀྱཱ་ཐུབ་པའི་གདུང་རྟེན་དུ་གུས་པས་བཞེངས་༽ཞེས་རྒྱ་ཡིག་གི་ཡིག་འབྲུ་བཅུ་བཞི་བརྐོས་ཡོད།  

༡༩ ࿄ དངུལ་སྒམ་གྱི་ཁ་ཕྱེས་པ་ན་ནང་དུ་ཚོན་བྱུགས་པའི་ཤིང་སྒམ་ཞིག་འདུག་ཅིང་སྒམ་དེ་འཐོར་ནས་ཡོད།  

 ༢༠ ࿄ ཤིང་སྒམ་ནང་དུ་རིན་པོ་ཆེ་མན་ཤེལ་ལས་གྲུབ་པའི་པུར་སྒམ་གྱི་དབྱིབས་ལྟ་བའི་སྒམ་ཞིག་འདུག 
  ༢༡ ࿄ མན་ཤེལ་གྱི་སྒམ་ནང་དུ་གཡང་ཊིའི་སྒམ་ཆུང་ཞིག་འདུག

༢༢ ࿄ གཡང་ཊི་སྒམ་ཁ་འབྱེད་པ་ན་སྲིད་དཀོན་པའི་སངས་རྒྱས་རིང་བསྲེལ་དངོས་མ་དེ་མི་རྣམས་ཀྱི་མིག་གི་ལོངས་སྤྱོད་དུ་གྱུར་བའི་སྐལ་བ་ལྡན། 

    ནང་ཆོས་ཀྱི་དབུ་ཁྲིད་ཅིག་གིས་སྐབས་དེར་གསུངས་པ་ནང་བཞིན་རུས་གཟུགས་དེ་གསུམ་དང་རིང་བསྲེལ་དངོས་མའི་བར་གྱི་འབྲེལ་བ་ནི་དཔེར་ན་ཟླ་བའི་གཟུགས་བརྙན་གཙང་པོ་གསུམ་ལ་ཤར་བ་དང་འདྲ་བར་དེ་དག་ཀྱང་རྟེན་རྩ་ཆེན་ཡིན། 
     སངས་རྒྱས་ཀྱི་རིང་བསྲེལ་དངོས་མའི་མཐོ་ཚད་ལ་ལི་རྨིད་4་ཙམ་དང་། མཐུག་ཚད་ལ་ཕལ་ཆེར་ཧོ་རྨིད་1.5 ནས་3ཙམ་མཆིས། ལྗི་ཚད་ལ་ཁེ་9ཡོད། གནས་རྫས་རྟོག་ཞིབ་པས་ཞིབ་པར་དཔྱད་པ་བརྒྱུད་སངས་རྒྱས་ཀྱི་རིང་བསྲེལ་དངོས་མ་ནི་སྔར་བཞིན་གཙང་ཞིང་འོད་ཆགས་པ་ཡིན། ཁྱོན་ཡོངས་སེར་པོ་ཡིན་ཞིང་སྟེང་དུ་སྨུག་ཐིག་དང་གསལ་མི་གསལ་བའི་རིས་ཕྲ་ཡོད།  རིང་བསྲེལ་གྱི་ནང་ངོས་སུ་སྒོར་དབྱིབས་ཀྱི་ཞོམ་གསུམ་མཆིས་ཞིང་།  སངས་རྒྱས་ཀྱི་རིང་བསྲེལ་དངོས་མར་བག་ཕེབས་ཀྱི་རྣམ་པ་ཞིག་མངོན་ཡོང་ལ་ཤིན་ཏུ་བརྗིད་ཆགས་ཞིང་མི་རྣམས་ལ་སྨྲ་མི་ཤེས་པའི་མཆོག་གི་འདུ་ཤེས་ཤིག་ངང་གིས་སྟེར་རོ།།།  འདིས་ཀྱང་དགེ་བར་གྱུར་ཅིག 

རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2018-02-13 ལྟ་ཀློག (12285)