རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་དགའ་ཡ་ཁོར་སྲུང་ལྷ་དར་འགྲེམ་སྤེལ་སྟེང་གནང་བའི་གསུང་བཤད།


རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་དགའ་ཡ་ཁོར་སྲུང་ལྷ་དར་འགྲེམ་སྤེལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད།   

ཡིག་མཁན། རྒྱ་འདུ་སངས་རྒྱས།

       ཐོག་མར་དེ་རིང་འདིར་ཕེབས་པའི་ཆེད་མཁས་པ་རྣམ་པ་དང་།  ཚོང་ལས་ཕྱོགས་ལ་འབད་པ་བྱེད་ཀྱིན་པའི་ཚོང་དཔོན་རྣམ་པ། སྔ་དྲོའི་ཆ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།   (ཐལ་མོའི་རྡེབ་སྒྲ།)

       དེ་རིང་རང་ཉིད་ལ་མཚོན་ན་འདིར་རྟེན་འབྲེལ་ཞུ་རུ་ཡོང་བ་ཙམ་ལས་གཏམ་བཤད་ཟེར་བའི་གྲ་བསྒྲིགས་མེད།  གྲ་བསྒྲིགས་ཡོད་ཀྱང་ཆེད་མཁས་པ་དེ་འདྲ་མིན། དེ་རིང་ང་ཚོར་བཀྲ་ཤིས་པའི་ཉི་མ།  རྒྱལ་ཁ་ཐོབ་པའི་ཉི་མ་ཟེར་ན་ཆོག  ཁྱད་པར་དུ་དགའ་ཡ་ཁོར་སྲུང་ལྷ་དར་འགྲེམ་སྤེལ་བྱེད་པའི་ཉི་མ་རེད། དེའི་ཕྱིར། རང་ཉིད་མཚོན་ན་ཧ་ཅང་དགའ་བཞིན་ཡོད། 

     སྤྱིའི་ཆ་ནས་བཤད་ན། བོད་གངས་རིའི་ལྗོངས་ལ་རང་གི་ཡུལ་སྲོལ་གོམས་གཤིས་དང་མཐུན་པའི་ཐོན་རྫས་གསར་བ་ཞིག་མི་རིགས་འདིའི་མདུན་སར་གསར་སྤེལ་བྱས་པ་རེད། དེ་ནི་ཧ་ཅང་དགའ་འོས་པ་རེད། གཉིས་ཀྱི་ཆ་ནས་བཤད་ན། དགའ་ཡ་མཐུན་གཉེར་ཁང་ལ་མཚོན་ན། མགོ་འཛུགས་པ་དང་འཆར་གཞི་འཐེན་པ། ཡར་ཞུ་བྱས་པ་ནས་བཟུང་རང་ཉིད་ལ་མཚོན་ན་འདང་བརྒྱབ་ནས་ཡོང་བ་ཡིན། དགའ་ཡ་མཐུན་གཉེར་ཁང་གི་འགོ་འཛིན་པ་ཤེས་རབ་ལ་མཚོན་ན། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་རེད།  དེར་མ་ཟད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཡན་ལག་སློབ་གྲྭ་འཛུགས་མཁན་ཐོག་དང་བོ་རེད།  དེའི་རྒྱུ་མཚན་གྱིས་འཕེལ་རྒྱས་དང་མ་འོངས་པའི་ཁ་ཕྱོགས་ཐད་ལ་རང་ཉིད་ལ་མཚོན་ན་ནུས་ན་མ་ནུས་ན་སེམས་ཁུར་བྱས་ནས་ཡོང་བ་ཡིན། ད་ལྟའི་བར་དུ་སེམས་ཁུར་བྱེད་སའི་མི་སྣའི་གྲས་ཡིན།

    གཅིག་གི་ཆ་ནས་བཤད་ན། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙུགས་ནས་བཟུང་བོད་མི་རིགས་ལ་ཕྱག་རྗེས་འཇོག་རྒྱུ་དེ་དང་ཚང་མས་སྤྱི་ཚོགས་ལ་ཞབས་ཕྱི་བསྒྲུབ་རྒྱུ་དེ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙུགས་པའི་དགོས་པ་རེད། དམིགས་ཡུལ་རེད། དེའི་རྒྱུ་མཚན་གྱིས་ཤེས་རབ་རྒྱ་མཚོར་མཚོན་ན། རང་གི་སློབ་གྲྭ་དེ་ནས་མཐར་ཕྱིན། དེ་ནས་ཕ་ཡུལ་ལ་ལོག་སྟེ་ནུས་ཚོད་ཐུབ་ཚོད་ཀྱིས་ཆ་རྐྱེན་ཧ་ཅང་ཞན་ས་ཞིག་དང་བཀག་འགོག་ཧ་ཅང་ཡོད་པའི་མངའ་འོག་ནས་སློབ་གྲྭ་བཙུགས། རང་ཉིད་ལ་མཚོན་ན་གཅིག་དགུ་གོ་བཞི་ལོར་སློབ་གྲྭ་བཙུགས། འདིའི་བརྒྱུད་རིམ་གྱི་ཁྲོད་ནས་མི་རིགས་སློབ་གསོ་ཟེར་བ་དེ་བསམ་པ་ཡོད་པ་ཙམ་དང་ངས་འདི་བསྒྲུབ་རྒྱུ་ཡིན་ཞེས་པ་ཙམ་གྱིས་མི་ཆོག་གི  ཁྱད་པར་དུ་བོད་མི་རིགས་ལ་མཚོན་ན་དཔལ་འབྱོར་གྱི་མཐུན་རྐྱེན་དང་ཆ་རྐྱེན་ཞན་ས། མི་རིགས་ཀྱི་བསམ་བློ་ཞན་ས་མང་བ་ཞིག་མཉམ་གཅིག་ཏུ་འདུ་ས་ཞིག་ནས་མི་རིགས་སློབ་གསོ་དར་སྤེལ་འགྲོ་དགོས་པ་ན་འདི་ལ་རྒྱབ་རྟེན་གྱི་དཔལ་འབྱོར་མེད་པ་ན་ནམ་ཡང་མི་རིགས་སློབ་གསོ་རྒྱུན་སྐྱོང་དཀའ་བར་རང་ཉིད་ལ་མཚོན་ན་ཉམས་མྱོང་གིས་བསྒྲུབས་ཐུབ།  ཐབས་ཤེས་མེད་པར་ཉིས་སྟོང་ལོར་གངས་ལྗོངས་སྤྲི་ཆུར་བཟོ་གྲྭ་འདི་བཙུགས་པ་ཡིན།  འདིར་ལྟོས་ནས་བཤད་ན། སློབ་གྲྭ་ཞིག་བསྒྲུབ་དགོས་པ་ན་ངེས་པར་དུ་ཁེ་ལས་ཤིག་གམ་མཐུན་གཉེར་ཁང་ཞིག་གིས་རྒྱབ་སྐྱོར་དང་རོགས་འདེགས་བྱེད་སྤྱད་རང་ལ་མེད་པ་ན། ནམ་ཡང་གཞན་ལ་ལག་པ་བཟེད་དགོས་པ་དང་ལག་པ་བཟེད་པའི་མི་རིགས་ཤིག་ཡིན་ན་འདུན་ལམ་མེད་པ་དང་།  ཚོགས་པ་དང་སྒེར་ལ་མཚོན་ན་འདུན་ལམ་ཆེན་པོ་མེད་ཀི  འདི་ལྟ་བུའི་ཁ་ཕྱོགས་ཡང་དག་པ་ཟེར་ན་དེ་འདྲ་ཡིན་མོད།  མི་འགྲོ་ཐབས་མེད་ཀྱི་ལམ་ཡིན་བསམ་པའི་འདུ་ཤེས་ཡོད། ལམ་ལ་ཆས་པའི་གོ་རིམ་ཁྲོད་དཀའ་ངལ་མང་པོར་འཕྲད་ཀྱང་ད་ལྟའི་བར་རྒྱུན་བསྐྱངས་པར་མ་ཟད་ངོ་བོ་གོང་འཕེལ། ཡང་གཅིག་བཤད་ན་སྤྱིར་བཏང་གི་ཚོང་ར་ཟེར་བ་དེ་རང་གི་བསམ་བློ་ལྟར་འགྲོ་མི་ཐུབ་པར་ཚོང་རའི་དགོས་མཁོ་དང་ཚོང་རའི་ནུས་ཤུགས་ལ་བརྟེན་ནས་ཡར་མར་མང་བོ་འཁྲིད་འགྲོ་བའི་དབང་གིས་བསམ་པ་ནང་ལྟར་མི་ཡོང་བ་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཡ་མཚན་པ་མི་འགྲོ་ཡང་། དེང་སྐབས་ཀྱི་ཚོང་རར་མཚོན་ན་འཕེལ་རྒྱས་ཀྱི་གོ་རིམ་ཞིག་རེད། ཁོར་སྲུང་ལྷ་དར་ཞེས་པ་ང་ཚོའི་ལག་ཏུ་བཀྲམ་ཡོད་པ་འདི་ཡང་དགའ་ཡར་མཚོན་པའི་བོད་ཀྱི་ཚོང་རའི་དཔལ་འབྱོར་ཁྲོད་དུ་ལམ་ཕྱོགས་གསར་བ་ཞིག་རེད་ཅེས་བཤད་ན་མི་ཆོག་རྒྱུ་མེད་ཀི་བསམ།

     དེའི་རྒྱུ་མཚན་གྱིས་བསམ་པའི་རྒྱབ་སྐྱོར་གྱི་ཚུལ་དུ་རྟེན་འབྲེལ་ཞུ་རུ་ཡོང་བ་དེ་ཡིན། ང་ཚོའི་ཁ་བཏགས་ཡིན་ན་འགྱུར་ལྡོག་གི་གནས་ལ་ཐོན་ཡོད་པ་དེ་ལྟ་བུ་རེད།  ཁོར་སྲུང་ལྷ་དར་ཞེས་མིང་དང་དོན་མཐུན་པ་དེ་ལྟ་བུ་ཞིག་ཡིན་པས་དགའ་བསུ་དང་རྒྱབ་སྐྱོར་བྱེད་ན་འདོད་པ་དེ་ལྟ་བུ་རེད། རང་གི་ཡུལ་སྲོལ་གོམས་གཤིས་ལ་རྒྱབ་སྐྱོར་ཐོབ་པ། རང་གི་ཁོར་ཡུག་སྲུང་སྐྱོབ་ལ་གནོད་པ་མེད་པ། རང་ཉིད་ལྟ་བུ་ལ་དཔལ་འབྱོར་བསྒྲུབ་ཐབས་ཀྱི་ལྟེ་བ་མེད་པས་2007ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་སྒྲུབ་ཚོང་སྡེ་འདི་དར་བ་ནས་བཟུང་སྟེ་མང་ཚོགས་རྣམས་ལ་མཉམ་སྒྲུབ་ཀྱི་དཔལ་འབྱོར་ཐད་དུ་ཤུགས་བརྒྱབ་ནས་གངས་ལྗོངས་འབྲོག་ལས་འཕེལ་རྒྱས་མཐུན་ཚོགས་བཙུགས་པ་ཡིན། གངས་ལྗོངས་འབྲོག་ལས་འཕེལ་རྒྱས་མཐུན་ཚོགས་འདིའི་རྟགས་ལ་སྣ་ཁ་གསུམ་གཞི་གཅིག་ཏུ་སྦྲེལ་ཡོད། དེ་ནི་ཁོར་ཡུག་ལ་གནོད་པ་མེད་པ། རིག་གནས་ལ་གནོད་པ་མེད་པ། ཡུལ་སྲོལ་གོམས་གཤིས་ལ་གནོད་པ་མེད་པ། དཔལ་འབྱོར་འཕེལ་རྒྱས་གཞི་གཅིག་ཏུ་སྦྲེལ་དགོས་ཞེས་རྟགས་ལ་ཚིག་ཁ་ཤས་ཀྱང་བྲིས་ཡོད།

      གཙོ་བོ་ཅི་རེད་ཅེ་ན། ལ་ལ་ཞིག་ལ། དཔལ་འབྱོར་ཡོད་སོང་ན། དཔལ་འབྱོར་ཐོབ་སོང་ན། ཁོར་ཡུག་དེར་གནོད་པ་ཐེབས་ཀྱང་དོ་སྣང་མི་བྱེད་པ། དཔལ་འབྱོར་ཐོབ་སོང་ན། རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་དོ་སྣང་མི་བྱེད་པ། ཡང་ལ་ལ་ཞིག་ལ། ཁོར་ཡུག་སྲུང་སྐྱོབ་དང་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཐད། ཆོས་ལུགས་སོགས་ལ་དོ་སྣང་མི་བྱེད་པ་མང་བས་དཔལ་འབྱོར་འཕེལ་རྒྱས་མེད་པས་འདིའི་རྗེས་སུ་ཚང་མ་གཏན་ནས་རྒྱུག་མི་ཉན། ཚང་མ་གཞིག་གཅིག་དང་འདུན་ལམ་གཅིག་ཏུ་སྙེག་རྒྱུ་ནི་བོད་མི་རིགས་ཀྱི་མ་འོངས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཟིན་དགོས་པར་བསམ་ནས་བཤད་ནི་ཡིན་ལ་བསྒྲགས་ཡིག་ཀྱང་བྲིས་པ་ཡིན།

      དེ་ནས2009ལོ་ནས་བཟུང་མཉམ་སྒྲུབ་ཚོང་སྡེ་མང་བ་བསྒྲུབས་ནས་ཡོང་བ་རེད། ང་ཚོའི་ཁོར་སྲུང་ལྷ་དར་འདི་ལྟ་བུ་ལ་མཚོན་ན་རང་གི་རིག་གནས་ལ་རྒྱབ་སྐྱོར་ཐོབ་པ། རང་གི་ཁོར་ཡུག་ལ་གནོད་པ་མེད་པ། དཔལ་འབྱོར་གྱི་ཤན་ཞུགས་ཡོད་པ་ལྟ་བུ་ཡིན་པས་རང་ཉིད་ཀྱི་བསམ་ཚུལ་དང་ཧ་ཅང་མཐུན་པ། ཧ་ཅང་འདོད་པ་དང་བསྒྲུབ་འོས་པ་དེ་ལྟ་བུ་རེད། དེའི་རྒྱུ་མཚན་གྱིས་རང་གིས་ཡིད་རྟོན་བྱས་ཏེ་འོང་བའི་སློབ་མ་འདིས་རང་གི་བསམ་ཚོད་ལྟར་བསྒྲུབ་ཐུབ་པ་འདི་ལས་རང་ཉིད་ལ་མཚོན་ན་ངའི་བྱ་བར་རྒྱབ་སྐྱོར་དང་། རང་གིས་བྱ་བ་མུ་མཐུད་དུ་སྒྲུབ་པར་སྤོབས་པ་བསྐྱེད་བྱེད། རང་གི་བྱ་བ་ཡུན་རིང་དུ་སྐྱོང་བ་ལ་གོམ་ཁ་ཇེ་རྒྱས་དང་ཇེ་བརྟན་དུ་ཡོང་བར་བསམ་བློའི་སྨོན་འདུན་ཞུ་རུ་ཡོང་བ་དེ་ཡིན།

     དེའི་རྒྱུ་མཚན་གྱིས་རང་ལ་མཚོན་ན་གཞན་དང་མི་འདྲ་བའི་ཉི་མ་ཞིག་རེད། དེ་རིང་ལྟ་བུར་མཚོན་ན། མགོ་ལོག་ཁུལ་ཐོག་གི་ཚོགས་འདུ་སྒྲུབ་མཁན་ཡང་རང་གི་སློབ་མ་ཞིག་ཡིན། ཁུལ་ཐོག་ཏུ་སྐད་ཡིག་གི་ཚོགས་པ་ཞིག་བཙུགས་ནས་ལོ་མང་བ་འགོར་ཡོད། ཚོགས་པ་བཅོ་ལྔ་མཉམ་དུ་འཚོགས་ཏེ་ཕ་སྐད་དོ་དམ་གྱི་བྱ་དགའ་དེ་རིང་ཕྱི་དྲོར་འཚོག་ཀི་ཡོད། དེར་འགྲོ་རྒྱུ་ཡང་དོ་ཚིགས་ནས་རང་གིས་ཨ་ན་མ་ན་བྱས་ཡོད། དེ་རིང་འགྲོ་མ་ཐུབ་པའི་རྒྱུ་མཚན་ཡང་ཕ་སྐད་གཙོ་བོ་མ་རེད་ཟེར་བ་འདྲ་གཏན་ནས་མིན།  གཅིག་དུས་ཚོད་ཀྱི་རྐྱེན། གཉིས་བྱ་བའི་དབང་གིས་འགྲོ་མ་ཐུབ་པ་དེ་ལྟ་བུ་ཡིན། ཕ་སྐད་དོ་དམ་གྱི་བྱ་བ་འདི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་1997ལོ་ནས་སློབ་ཁང་དང་མལ་ཁང་གི་སྒོ་རེ་རེར།“ན་ཟླ་ཚོ། ཕ་སྐད་གཙང་མ་ཞིག་ཤོད་དང་། མི་རིགས་ཤིག་གི་བླ་སྲོག་ཡིན།”ཞེས་ཡི་གེ་འདི་བྲིས་ཏེ་ཕ་སྐད་གཙང་མ་བཤད་པར་ལམ་ལ་ཆས་པ་ཡིན། ལམ་ལ་ཆས་པར་མ་ཟད་སློབ་མ་སོ་སོས་རང་རང་ས་ཆ་ནས་ཕ་ཡུལ་དང་། རང་གི་གཉེན་ཉེ་དུ། རང་གི་ཁྱིམ་བཟའ་ཚང་སོགས་ལ་ཤེས་སུ་བཅུག དེ་ནས་བཟུང་རིམ་པ་བཞིན་དུ་རྫོང་དང་ཡུལ་ཚོ་སོགས་སུ་རྣམ་པ་སྣ་ཚོགས་སྤེལ་བ་ཞིག་རེད།

    2000ལོ་ནས་བཟུང་བོད་གངས་རིའི་ལྗོངས་སུ་ཕ་སྐད་གཙང་མ་ཞེས་ཚ་རླབས་འཕྱུར་བ་ཞིག་རེད། དེ་ནས་བཟུང་ཕ་སྐད་གཙང་མའི་ཐད་སྐྱེས་ཕོ་མོ། རྒྱལ་ཁབ། ལས་བྱེད་པ་ཚང་མ་རིས་སུ་མ་ཆད་པར་ཡོང་བ་རེད། དེར་བལྟ་རྒྱུ་ན་དེང་སྐབས་ང་ཚོའི་བོད་གངས་རིའི་ལྗོངས་ཀྱི་དཔལ་འབྱོར་དར་རྒྱས་གོང་འཕེལ་ཕྱོགས་ལ་ཚང་མ་ལམ་དུ་ཆས་ནི་ཡོང་གི་ཡོད་པ་ཞིག་རེད། མང་ཆེ་ཤོས་ཤིག་འདིའི་ཕྱོགས་དབུལ་བོ་ཡིན་པས་རང་ཉིད་ལ་མཚོན་ན་འདི་ལ་ཤུགས་རྒྱག་གིན་ཡོད། རང་ཉིད་ལ་མཚོན་ན་འདིའི་སྟེང་དུས་ཚོད་ཕུད་ཀྱིན་ཡོད་པ་མངོན་གསལ་དོད་པོ་ཞིག་ཡིན་རྒྱུ་རེད་བསམ་གི་ཡོད། དེར་མ་གཏོགས་དུས་ཚོད་བཀོལ་ས་མེད་སོང་བ་མིན། 

     དེའི་འཕྲོར། ན་གཞོན་མང་བ་ཞིག་ཡོད་ཀི  ན་གཞོན་མང་བ་ཞིག་གི་བསམ་བློ་འདུ་ཤེས་འཛིན་སྟངས་དང་། བོད་མི་རིགས་ཀྱི་འཚོ་གནས་ཆེས་རྗེས་ལུས་རེད་འདོད་སྤྱད་ཟིག  ཁྱད་པར་དུ་ལོ་རབས་ང་བརྒྱད་ཀྱི་ཡར་སྔོན་དུ། འཇིག་རྟེན་རྙིང་བར་མཚོན་ན་བོད་མི་རིགས་འདིས་ཅིག་བརླག་ཟིག་སྙམ་པ། ཚོང་ལས་དཔལ་འབྱོར་གྱི་རིག་པ་ཞིག་མ་ཡོད་ཟིག་བསམ་པ། རང་རྒྱལ་གྱི་ཚོང་ལས་འཛིན་སྟངས་ཀྱི་འདུ་ཤེས་ཞན་པ་ཞིག་རེད། ཡིན་ཡང་རང་ཁ་རང་གིས་གསོ་བར་ཆ་ནས་བཤད་ན། སྐབས་དེར་རོང་བ་ཞིག་ཡིན་ན་རང་གི་ས་ཞིང་ལ་བརྟེན་ནས་ཁ་གསོ་བཞིན་ཡོད་པ། འབྲོག་པ་ཡིན་ན་རང་གི་སྒོ་ཕྱུགས་ལ་བརྟེན་ནས་གོན་པ་གོན། ཁ་གསོས། རྒྱབ་ལ་གོན་པ། མགོ་ཕུབ་རྒྱུ་ཡོད་པ། གང་ལ་བལྟས་ན་ཁ་མི་སོས་རྒྱུ་མེད་པ་ཞིག་གཏན་ནས་ཐོན་མེད་པ། ནམ་ཡང་རང་ཁ་སོས་ནི་ཞིག རང་གི་དཔལ་འབྱོར་དེ་རང་གིས་བཀོལ་སྤྱོད་ཉན་ནི་ཞིག་གི་མི་རིགས་ཤིག་རེད།  དཔེ་འཇོག་རྒྱུ་ཡིན་ན། དེའི་སྐབས་ཀྱི་ས་ཆ་གང་ཡིན་དང་ཁྱིམ་ཚང་རང་གི་ཁ་གསོས་ནི་ལྟ་བུ་ཞིག་རེད། ཁྱད་པར་དུ་འཛམ་གླིང་གི་དཔལ་འབྱོར་འདི་གསར་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ། ཁ་པར་ཀུ་ཤུ་དུས་རབས་ཉི་ཤུའི་ནང་དར་བ་རེད། འདི་ཡང་དུས་རབས་འདི་ལ་ཀུ་ཤུའི་ཁ་པར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ང་ཚོ་ཡར་རྒྱས་སུ་འགྲོ་བཞིན་མེད་པ་ནི། དུས་རབས་ཉེར་གཅིག་པའི་དུས་སྐབས་ཀྱི་མི་དེས་དུས་རབས་ཉེར་གཅིག་པའི་མི་རྗེས་ཆོད་དགོས་པ། དེ་ནི་རང་གིས་ཧ་ཅང་ཤེས་དགོས་ཀི་བསམས། ཚང་མ་མར་ལ་འཚང་བ་དང་མར་ལ་བལྟས་བསྡད་པ་དང་། རང་ཉིད་ཡ་མཚན་པ་ཞིག་ཡིན་བསམ་པ་ཙམ་གྱི་བསམ་བློ་དང་དེ་ལྟ་བུའི་འདུ་ཤེས་དེ་ནི་མི་ལེགས་པ་རེད་བསམ། རང་གི་འཚོ་བའི་སྟེང་ནས་འགྲོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ།

     དེ་ནས་འདིར་ཡོད་དཔལ་འབྱོར་སྒྲུབ་མཁན་གྱི་མི་སྣ་ཏག་ཏག་རེད། གཅིག  རང་གིས་འཛམ་གླིང་གི་དཔལ་འབྱོར་གྱི་ཁ་ཕྱོགས་དང་མཐུན་པའི་སྒོ་ནས་རང་གིས་བདག་སྐྱོང་ལེགས་པར་བྱེད་པ། གཉིས། དེང་སྐབས་ཀྱི་ཀྲུང་གོའི་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པ་ཞིག་ཤེས་སུ་འཇུག་རྒྱུ། གསུམ། རང་གི་མི་རིགས་ཀྱི་ཁྱད་ཆོས་མི་འདོར་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ཁོར་སྲུང་གི་སྐོར་བཤད་ཀྱིན་ཡོད་ཀི།  སྤྱི་ཁྱབ་ཏང་གཙོ་ཞིས་ཅིན་ཕིན་གྱིས། ཟླ་བ་བརྒྱད་པའི་ཚེས་བཅུ་དགུའི་ཉིན། ཁོར་ཡུག་སྲུང་སྐྱོབ་སྐོར་ནས། མཚོ་བོད་མཐོ་སྒང་ལ་འཛམ་གླིང་དུ་ལྷག་པའི་དྭངས་གཙང་གཅིག་པུ་རེད། དེ་ལ་སྲུང་སྐྱོབ་བྱེད་དགོས། འདི་ནི་སྲུང་སྐྱོབ་བྱེད་སའི་ལྟེ་གནས་རེད། ཁྱད་པར་དུ་ཐུན་མོང་མ་ཡིན་པའི་རིག་གནས་སྲུང་སྐྱོབ་བྱེད་ས་རེད། ང་ཚོས་ཐུན་མོང་མ་ཡིན་པའི་རིག་གནས་ཞེས་པའི་ནང་མང་བོ་ཞིག་ཡོད། ཚོང་ལས་དཔལ་འབྱོར། འཚོ་བ་རོལ་སྟངས། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་སོགས་མང་བ་ཞིག་འདུ། འདི་དག་ཚང་མ་ང་ཚོས་སྲུང་སྐྱོབ་མ་བྱས་པར་གཞན་དང་འདྲ་འདྲར་གྱུར་སོང་ན་སྐབས་ཐོབ་ཀྱི་འཕེལ་རྒྱས་སུ་བརྩི་ན་ཐང་། ཡུན་རིང་གི་འཕེལ་རྒྱས་སུ་དཀའ་རྒྱུ་རེད་བསམ། ཅི་ཞིག་གི་སྒོ་ནས་ཐུན་མོང་མ་ཡིན་པའི་ཀྲུང་གོ་རྒྱལ་ཁབ་འཕེལ་རྒྱས་སུ་སོང་བ་ཡིན་ནམ། ཐུན་མོང་མ་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་དེ་རེད། དེ་ན་མི་རིགས་ཤིག་ཡིན་ན། ས་གནས་ཤིག་ཡིན་ན། རང་ལ་ཐུན་མོང་མ་ཡིན་པའི་ཁ་ཕྱོགས་དང་། རང་ལ་ཐུན་མོང་མ་ཡིན་པའི་ལམ་ལུགས་འཚོལ་རྒྱུ་དེ་གལ་ཆེན་པོ་རེད། སློབ་གསོ་ཡིན་ན་འདྲ། དཔལ་འབྱོར་འཕེལ་རྒྱས་ཡིན་ན་འདྲ། ཁོར་ཡུག་སྲུང་སྐྱོབ་ཡིན་འདྲ། གང་གི་ཆ་ནས་ཡིན་ན། རང་གི་ཆོས་ལུགས་དང་། རང་གི་རིག་གནས། རང་གི་ཁོར་ཡུག  རང་གི་འཚོ་བ་འདི་དག་ཁ་མ་བྲལ་བའི་སྒོ་ནས་ཚོང་ལས་འཕེལ་རྒྱས་ཀྱི་ལམ་དུ་འགྲོ་རྒྱུ་དེ་གལ་ཆེན་རེད། འཛམ་གླིང་གི་དཔལ་འབྱོར་གྱི་སྒྲིག་གཞི། དཔལ་འབྱོར་གྱི་གཞུང་ལུགས་འཛམ་གླིང་ལ་ཁེལ་ཡོད་པས་དེ་སྤྱིའི་འགྲོ་སྟངས་ཤིག་རེད།  དེའི་འཆར་གཞི་དང་སྒྲོམ་གཞིའི་ནང་ན་ང་ཚོའི་ཐུན་མོང་མ་ཡིན་པའི་རིག་གནས་ལ་མཐུན་ས་གང་དང་མི་མཐུན་ས་གང་ཡོད།  དེ་ཚུར་བསྐོར་ནས་བཀོལ་སྤྱོད་བྱེད་ན་ཇི་ལྟར་བཀོལ་སྤྱོད་བྱེད་དགོས། ཁྱད་པར་དུ་བསམ་བློ་འཛིན་སྟངས་ཀྱི་ཆ་དང་རིག་གཞུང་འཛིན་སྟངས་ཀྱི་ཆ་ནས་ཇི་ལྟར་བཀོལ་སྤྱོད་བྱེད་དགོས་སམ། འདི་ལྟར་བྱེད་ན་འཛམ་གླིང་གི་རྗེས་སུ་ཆོད་པར་མ་ཟད།  རང་གིས་ཐུན་མོང་མ་ཡིན་པའི་ས་ཞིག་ཟིན། རང་ལ་ཐུན་མོང་མ་ཡིན་པའི་སྒྲིག་གཞི་ཞིག་ཆགས་ཐུབ། དེ་ནི་ཧ་ཅང་གལ་ཆེན་པོ་རེད།  དེ་མ་གཏོགས་ཕར་འདྲེས་སོང་ན་རང་ཚུགས་འཛིན་རྒྱུ་དེ་ཧ་ཅང་དཀའ་མོ་ཡིན་པས་དེའི་ཁྱད་པར་ཤེས་དགོས། གཅིག དེ་ལ་རིག་གནས་ཀྱི་བཙན་འཛུལ་མེད། དེའི་རྒྱུ་མཚན་གྱིས་འདིའི་ཕྱོགས་སུ་ཐུགས་འདང་ཡག་པོ་ཞིག་བཏང་ནས་མུ་མཐུད་དུ་རིག་གནས་དང་དཔལ་འབྱོར། ཁོར་ཡུག་སྲུང་སྐྱོབ་ཟུང་སྦྲེལ་གྱིས་ལམ་ཡག་པོ་ཞིག་འཚོལ་ཐུབ་པར་ངས་འདི་ནས་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན།


གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་སློབ་རྟགས།


ཟུར་ཞུ། 

        ད་རེབ་རང་གིས་ཁོང་དགེ་རྒན་བཀའ་དྲིན་ཅན་ངེས་དོན་བོད་ཀྱི་བསམ་བློ་བ་དང་སློབ་གསོ་བ། མི་རིགས་ཀྱི་དཔལ་འབྱོར་བྱ་བའི་ཐད་ལ་སྣེ་ཁྲིད་མཛུབ་སྟོན་གྱི་དེད་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་སྤྱི་ལོ2018ལོའི་ཟླ1བོའི་ཚེས17ཉིན་གྱི་སྔ་དྲོར། གནའ་མཁར་ཟི་ལིང་གི་མཚོ་བོད་ལྕགས་ལམ་མགྲོན་ཁང་ཆེན་མོ་རུ་གངས་ལྗོངས་དགའ་ཡའི་ཁོར་སྲུང་ལྷ་དར་དང་སྲུང་བལ་འགྲེམ་སྤེལ་ཚོགས་འདུའི་སྟེང་གདན་ཞུས་གནང་བའི་སྐབས་ཀྱི་གཏམ་བཤད་དེ་ཐད་གཏོང་བྱས་པ་ཞིག་གི་སྒྲར་ཉན་ནས་འདིར་གཏག་པ་ཡིན་མོད། སྒྲའི་ཧྲག་སྒྲ་སོགས་ཀྱིས་རྐྱེན་མི་གསལ་བ་མང་བས་འབྲི་ནོར་ཐེབས་པ་ཅི་རིགས་རང་གི་འགན་ཡིན་པས་དགེ་རྒན་ཁོང་གཙོས་ཀློག་པ་བོ་དག་ལ་འདི་ནས་དགོངས་དག་ཞུ་ཞུ།


        ཁ་བཏགས་ཀྱིས་བོད་མི་རིགས་ཀྱི་ལྷག་བསམ་དང་སྙིང་རྗེ་མཚོན་ལ།  དེ་བས་ཀྱང་བརྩི་བཀུར་དང་རྟེན་འབྲེལ་མཚོན་ཐུབ། ༢༠༡༧ལོར་གངས་ལྗོངས་དགའ་ཡ་ཁ་བཏགས་ཀྱིས་སྲོལ་རྒྱུན་གྱི་རྒྱུ་སྤུས་སླར་གསོ་བྱེད་ཆེད་སྲིང་བལ་སྤུས་གཙང་དང་དར་སྐུད་ཟུང་འབྲེལ་གྱིས་དྲི་མེད་དྭངས་གཙང་གི་ཁ་བཏགས་འདི་བཟོས་ཤིང་། དེ་ནི་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཁ་བཏགས་བཟོ་རྩལ་གྱི་ལག་རྩལ་རྒྱུད་འཛིན་པ་ལག་རྩལ་གྱི་བློ་འདྲི་ས་བྱས་ཤིང་།  དེ་མིན་ད་དུང་ཇོ་ཁང་དང་སྐུ་འབུམ།  རོང་བོ་དགོན་ཆེན། བླ་བྲང་དགོན་པ་སོགས་སུ་སྔ་གཞུག་ཏུ་མངག་ཉོའི་གན་རྒྱ་བཞག་ཡོད།  འདི་ནི་གངས་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྤུས་ལེགས་ཐོན་རྫས་མཆོག་ཏུ་གྱུར་པ་ཞིག་ཡིན།  ང་ཚོས་རང་གི་ཕ་ས་ཕ་ཡུལ་ལ་དུངས་པ་ཟབ་པའི་སྒོ་ནས་མ་རྩ་ལ་མི་དམིགས་པར་ལྷ་རི་དང་མཚོ་ལྷར་ལྷད་མེད་དྭངས་གཙང་གི་ཁ་བཏགས་དཀར་པོ་འདི་འབུལ་ལོ། །

འདི་ནི་འབྱུང་བ་ཆུ་ལ་འཐིམ་ན་གནོད་པ་མེད་ལ། །

འདི་ནི་འབྱུང་བ་མེ་ལ་འབར་ན་ཐལ་བ་མེད། །

འདི་ནི་འབྱུང་བ་ས་ལ་འཐིམ་ན་རུལ་སླད་མེད་ལ། །

འདི་ནི་འབྱུང་བཞིར་མཐུན་པའི་ཁ་བཏགས་དཀར་པོ་ཞིག །


13997307718


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2018-02-03 ལྟ་ཀློག (2796)