རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ། ༼ཁག་བརྒྱད་པ།༽

རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།

ཡིག་མཁན། ཨ་བུ་འབྲོང་། 


    ༨ ཡར་རྒྱས་འོང་བ་ལ་མི་ཚང་མས་མཐུན་སྒྲིལ་དང་འབད་བརྩོན་བྱ་དགོས།

     སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཡུལ་ལམ་དོན་སྙིང་ནི་བྱ་བ་ཡོད་ཚད་མང་ཚོགས་ཀྱི་བསམ་བློ་དང་མཐུན་པའི་སྒོ་ནས་མང་ཚོགས་རྣམས་འབྱོར་ཕྱུག་དང་ལྡན་པ་ཞིག་ཏུ་བསྒྱུར་བ་དེ་རེད། དེ་ན་རང་ཅག་རྣམས་ཐབས་ཅི་ལྟ་བུའི་སྒོ་ནས་དར་རྒྱས་གོང་འཕེལ་ལ་བསྙེག་ན་རང་རེའི་བསམ་བློ་དང་མཐུན་པ་ཡིན། འདི་ལ་བསམ་བློ་གཏང་རྒྱུ་ནི་གནད་ཀྱི་དོན་པོ་རེད། དེ་མིན་རང་རེ་བོད་ལ་མཚོན་ན་ཕན་ཚུན་བར་རྩོད་གླེང་མང་བོ་བྱུང་མྱོང་སྟེ། དཔེར་ན། མདོ་དབུས་ཁམས་གསུམ་གྱི་བར་དང་རོང་བ་དང་འབྲོག་པའི་བར། སྡེ་བ་ཕན་ཚུན་གྱི་བར་དང་ཆོས་ལུགས་གྲུབ་མཐའི་བར། གྲྭ་བ་དང་སྐྱ་བོའི་བར། སྲོལ་རྒྱུན་པ་དང་དེང་རབས་པ་བཅས་གཅིག་གཅིག་གི་བར་ལ་ལྟ་སྟངས་བུད་དེ་རྩོད་ཉོག་བརྒྱབ་ནས་འདུག་པ་མ་གཏོགས་མདུན་ན་གནས་པའི་གནད་དོན་ཇི་ལྟར་སེལ་བ་དང་འཕེལ་རྒྱས་ལ་ཇི་ལྟར་བསྙེག་པར་བསམ་བློ་མི་གཏོང་། ད་དུང་རང་རེ་རྣམས་འཕེལ་རྒྱས་སུ་མ་སོང་བ་ནི་སྔོན་མ་དག་གི་ལན་པ་ཡིན་པར་སྨྲ་ཞིང་དེ་དག་ལ་སུན་འབྱིན་པར་བྱེད།

    ཡ་ཆོག་གི  ད་སྔ་འཕེལ་རྒྱས་སུ་མ་སོང་བ་དེ་སྔོན་མ་དག་གི་སྐྱོན་ཡིན་པར་གྱིས། དེ་ན་ང་ཚོས་ཅི་ཞིག་བྱ་དགོས། སྔོན་མ་དག་འདས་ཟིན་པ་རེད། ད་ཅི་བྱེད་ང་ཚོའི་ལག་ན་ཡོད། འདི་ལ་བསམ་བློ་མི་གཏོང་བར་གཅིག་གིས་གཅིག་ལ་ངན་བཤད་དང་ཕྲག་དོག་བྱས་པས་ནི་ཅི་ཡང་མི་འོང་། སྔོན་མ་རྣམས་ལ་ལེ་བདའ་རྐྱང་རྐྱང་བྱས་པས་ཀྱང་ཅི་ཡང་འགྲུབ་པ་མ་རེད། དཔེར་ན། རྒྱལ་བོ་གླང་དར་མ་དང་ལྷ་ལུང་དཔལ་རྡོར་གཉིས་ཀྱི་མགོར་སྐྱོན་རི་རབ་འདྲ་ཞིག་འཕངས་ཤིང་སྐྱོན་དེ་ཡང་ཡང་བཤད་ནས་འཛམ་བུ་གླིང་གིས་ཁས་བླངས་པར་གྱུར་ནའང་ང་ཚོ་ཡར་རྒྱས་འོང་བ་ལ་ཅི་ཡང་ཕན་པ་མ་རེད། དེ་བས་ཡིན་གཅིག་མིན་གཉིས་ཀྱིས་རང་གི་སྔུན་ན་ཡོད་པའི་གནད་དོན་ལ་བསམ་བློ་བཏང་ནས་རང་རེའི་འཕེལ་རྒྱས་ཀྱི་ཆེད་ཁ་ཡོད་ལག་ཡོད་ཀྱི་བྱ་བ་བསྒྲུབ་དགོས་སོ། །

     སྔོན་ཨ་རིའི་རྒྱལ་བོ་ལིན་ཁུན་གྱིས་སྤྱི་ལོ་༡༨༦༡ལོར་བཏམ་བཤད་ཅིག་བྱས་ཡོད་པ་རེད། དེའི་ནང་ཅི་གསུངས་ཡོད་ཅེ་ན། ད་ལྟའི་དུས་ཚོད་འདི་མི་རིགས་རྣམས་ཁ་འཐོར་དང་ཁ་བྲལ་དུ་འགྲོ་བའི་དུས་ཚོད་ཅིག་རེད། སྐབས་འདི་ལ་རང་རེའི་ནང་དུ་བྲན་གཡོག་གི་ལམ་ལུགས་དང་ཆོས་ལུགས་འདྲ་མི་འདྲ་ཡོད་མེད་བཤད་རྒྱུ་དེ་གཙོ་བོ་མ་རེད། གཙོ་བོ་ནི་འུ་ཅག་ཚང་མས་རྡོག་པ་གཅིག་ལ་གཏད་དེ་མཐུན་སྒྲིལ་དམ་པོའི་ངང་ཕྱོགས་གཅིག་ལ་འབད་པ་བྱ་རྒྱུ་དེ་རེད་ཟེར། ལིན་ཁུན་གྱི་སྐད་ཆ་དེས་ཨ་རི་ནི་མཐུན་སྒྲིལ་དམ་ཞིང་འཁོར་ཕྱོགས་གཅིག་ལ་འཁོར་ཐུབ་སོང་བ་རེད། དེ་ལྟར་དུ་ང་ཚོས་ཀྱང་སྔར་ལྟར་རྩོད་ཉོག་བརྒྱབ་ནས་འདུག་རྒྱུ་མ་ཡིན་པར་སྤྱི་མཐུན་གྱི་ལམ་ཞིག་ཇི་ལྟར་འཚོལ་བའི་ཐད་བསམ་བློ་གཏང་དགོས། དེ་ང་ཚོའི་འགན་ཁུར་རེད། དེ་ལྟ་མ་ཡིན་པར་འབྲོག་པ་རྣམས་ཀྱིས་རྩྭ་ས་བརྩད། རོང་བ་རྣམས་ཀྱིས་ཆུ་རྐ་བརྩད། གྲྭ་བ་རྣམས་ཀྱིས་གྲུབ་མཐའ་བརྩད། བླ་མ་རྣམས་ཀྱིས་ཁྲི་འཕང་བརྩད། དཔོན་པོ་རྣམས་ཀྱིས་གོ་ས་བརྩད། འདི་ལྟར་རྩོད་རྩོད་ལ་སྡོད་དང་། བར་མཚམས་ཞིག་ལ་ཅི་ཡང་བརྩད་རྒྱུ་མེད་པར་འགྱུར་ངེས། དེ་དུས་རྩོད་པ་ཡང་མེད་པར་འགྲིག་ཁོ་ཐག་ཅིག་འོང་ངེས་རེད། དེའི་རྒྱུ་མཚན་གྱིས་ཚང་མའི་ཁ་ཕྱོགས་ཡང་དག་པ་ཞིག་བཟུང་སྟེ་མཛུབ་མོ་ལྔ་བཅིངས་ཁུ་ཚུར་གྱིས་འགྲོ་རྒྱུ་ནི་གལ་ཆེན་པོ་རེད། མཛུབ་མོ་ལྔ་བཅིངས་ཁུ་ཚུར་ཞེས་པ་ནི་སྤྱིར་མཛུབ་མོ་གཅིག་ལ་སྟོབས་ཤུགས་ཅི་ཡང་མེད་ནའང་། མཛུབ་མོ་ཚང་མ་གཉམ་དུ་བཅིངས་པ་ནི་ཁུ་ཚུར་ཡིན་པས་སྟོབས་ཆེ། ད་རུང་ཁུ་ཚུར་སྲ་མོ་ཞིག་ཡིན་ན་མཐེ་བོང་གིས་མཛུབ་མོ་གཞན་རྣམས་ཀྱི་སྟེང་ན་མནན་ནས་ཡོད་པས་ལྷག་ཏུ་སྟོབས་ཆེ་བ་ཡིན། དེ་བས་ང་ཚོར་འདི་ལྟ་བུའི་མཐུན་སྒྲིལ་ཞིག་དགོས་པ་རེད། མཐུན་སྒྲིལ་ཟེར་བ་དེ་ཡང་མི་མཐུན་པ་རྣམས་མཐུན་པར་བྱེད་ཅིང་མཐུན་པ་རྣམས་ཕྱོགས་གཅིག་ཏུ་སྒྲིལ་བ་ལ་ཟེར་ཏེ། དཔེར་ན། ད་སྐབས་ཀྱི་ང་ཚོའི་དཔལ་འབྱོར་སྒྲུབ་སྟངས་ནི་མི་མཐུན་པ་ཡིན་ཏེ་ཁྱིམ་ཚང་རང་རང་གིས་རང་ཁ་གསོ་ཐབས་ཙམ་བྱས་ནས་བསྡད་ཡོད། དེ་ལྟར་མི་འདུག་པར་ཚང་མ་ཁ་ཕྱོགས་གཅིག་ལ་འཁོར་ནས་ལམ་མཐུན་པ་ཞིག་བཙལ་ཅིང་དེ་ནས་སྟོབས་ཤུགས་རྣམས་ཕྱོགས་གཅིག་ལ་བསྒྲིལ་ནས་མཉམ་དུ་བྱ་བ་བསྒྲུབས་ན་དཟོད་དེ་ལ་མཐུན་སྒྲིལ་ཟེར། དེ་མིན་འཁོན་རེས་མི་བྱེད་པར་རང་དགར་སོས་དལ་བོ་དང་ཁ་རོག་གེར་འདུག་པ་དེ་ལ་མཐུན་སྒྲིལ་མི་ཟེར་རོ། །

      མདོར་ན་མི་ཚང་མས་སྤྱི་ཚོགས་ལ་འགན་འཁུར་བ་དང་མི་རིགས་ལ་འགན་འཁུར་བ། རྒྱལ་ཁབ་ལ་འགན་འཁུར་ཞིང་ས་གནས་ལ་འགན་འཁུར་བ་ཞིག་དགོས། འགན་ཁུར་དེ་མི་སུ་དང་སུ་ཡིན་ཡང་ཕྲག་ཐོག་ལ་བབས་ཡོད་པ་རེད། འགན་ཁུར་གྱི་འདུ་ཤེས་འདི་ཡོད་ན་ཚང་མ་འདྲ་མཉམ་དང་བདེ་འཇགས་ངང་དར་རྒྱས་གོང་འཕེལ་འོང་བ་རེད་མ་གཏོགས་དེ་ལྟ་མ་ཡིན་པར་ཚང་མ་སྒེར་སེམས་ལོག་ལོག་ཏག་ཏག་ཡིན་ན་ཇེ་ངན་ཇེ་རྒུད་དུ་འགྲོ་བ་ལས་ཡར་རྒྱས་འོང་བའི་དཔེ་མི་སྲིད། དེ་བས་སློབ་མས་སློབ་མའི་ས་ནས་འགན་ཁུར། དགེ་རྒན་གྱིས་དགེ་རྒན་ས་ནས་འགན་ཁུར། དེ་བཞིན་རོང་འབྲོག་མང་ཚོགས་ནི་ཆེས་གཙོ་བོ་ཡིན་པ་བཤད་མ་དགོས་པ་སྟེ། མང་ཚོགས་ནི་དཔལ་འབྱོར་དང་རིག་གནས། སློབ་གསོ་སོགས་གང་གི་ཆ་ནས་བཤད་ན་དར་རྒྱས་གོང་འཕེལ་དུ་འགྲོ་བའི་གཞི་མ་ཡིན། དེའི་རྐྱེན་ཀྱིས་སྔོན་གནམ་བདེའི་སྒོ་མོ་ཆེའི་མདུན་དུ་མི་དམངས་ཀྱིས་མའོ་ཙེ་ཏུང་ཁྲི་ལོ་བརྟན་པར་ཤོག་ཅེས་འབོད་སྐབས་མོའོ་ཙེ་ཏུང་གིས་མི་དམངས་ཁྲི་ལོ་བརྟན་པར་ཤོག་ཅེས་ཕྱིར་མི་དམངས་ལ་འབོད། དེས་ཀྱང་མི་དམངས་སམ་མང་ཚོགས་ནི་གཙོ་བོ་དང་ཡར་རྒྱས་ཀུན་གྱི་གཞི་མ་ཡིན་པ་མཚོན་ཟེར་རོ། །

    བྱ་བ་གང་བསྒྲུབ་ནའང་གཙོ་བོ་ནི་མང་ཚོགས་རེད། མང་ཚོགས་ཚང་མས་བསམ་བློ་གཅིག་ལ་འཁོར་ནས་འདུ་ཤེས་འཛིན་སྟངས་ཡག་པོ་ཞིག་ཆགས་ན་ས་གནས་དང་མི་རིགས་གང་ཡིན་ཡང་ཡར་རྒྱས་འོང་བ་སླ་མོ་རེད། སྤྱིར་བཏང་བཤད་ན་ང་ཚོ་ཇེ་བཟང་ཇེ་ལེགས་ལ་འགྲོ་བཞིན་ཡོད་དེ། སྔོན་ཆད་ཡིན་ན་མི་རིགས་དང་ས་གནས་ཀྱི་སློབ་གསོ་ཡར་རྒྱས་གཏོང་བ་སོགས་ཕར་ཟད་། ཐ་ན་རང་གི་བྱིས་པ་རྣམས་ཀྱང་སློབ་གྲྭར་མི་གཏོང་བ་རེད། འདིར་སྔོན་ཆད་ཟེར་ན་ལ་ལ་ཞིག་གིས་འཇིག་རྟེན་རྙིང་བར་གོ་ཤས་ཆེ། དེ་མ་རེད། བུ་ཕྲུག་སློབ་གྲྭར་མི་གཏོང་བའི་བསམ་བློ་ནི་རིག་གནས་གསར་བརྗེ་ཆེན་མོའི་རྗེས་ནས་རྒྱལ་ཁབ་གཞུང་གིས་སློབ་གྲྭ་མང་བོ་འཛུགས་པའི་སྐབས་ཀྱི་བསམ་བློ་ཞིག་རེད། དེ་མིན་སྔོན་འཇིག་རྟེན་རྙིང་བར་སློབ་གྲྭ་ནི་དགོན་པ་རེད། དེར་ཁྱོད་འགྲོ་འདོད་ན་མི་གཏོང་མཁན་ཞིག་ཡོད་པ་མ་རེད་། ཡིན་ནའང་རིག་གསར་རྗེས་ནས་སློབ་གྲྭ་ཞེས་པ་ངོས་མ་ཟིན་པར་ཁ་ཁ་ཞིག་ཏུ་བསམ་ནས་བསམ་བློ་དེ་ལྟ་བུ་ཞིག་བྱུང་མྱོང་བ་རེད། དེ་དུས་མི་རིགས་དང་ས་གནས་ཟེར་བ་ཕར་ཟད་རང་གི་བུ་ཕྲུག་གི་མདུན་ལམ་ལའང་བསམ་བློ་མི་གཏོང་། ཡིན་ནའང་དེང་སྐབས་བྱིས་པ་ཞིག་སློབ་གྲྭར་མི་ལེན་ཟེར་ན་སྤྲོ་ལང་བའི་ཚོད་དུ་ཡོད། དེའང་ང་ཚོའི་འཕེལ་རྒྱས་ཤིག་རེད། རང་གི་བུ་ཕྲུག་སློབ་གྲྭར་མ་བཏང་ན་སྤྱི་དོན་ཕར་ཞོག་རང་དོན་ཡང་མི་འགྲུབ་ཀི་བསམ་གྱིན་ཡོད་པ་རེད། ལྷག་ཏུ་བཤད་རི་བ་ཞིག་ལ་ན་ནིང་ང་ཚོ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་མང་ཚོགས་རྐྱང་བས་ཞལ་འདེབས་བྱས་པར་སྒོར་ཁྲི་༨༠༠ལ་བུད་པ་རེད། ད་ལྟའི་གླིང་སྟོད་ཀྱི་ཐོག་ཁང་དེ་དག་ནི་འདི་གའི་ཆུ་བ་སྡེ་བ་དང་བྲག་དཀར་རྫོང་གི་སྡེ་བ་མང་བོ་ཞིག་གིས་མ་དངུལ་བཏང་ནས་བཞེངས་པ་རེད། དེ་ནི་མི་རིགས་ཤིག་གི་འཕེལ་རྒྱས་རེད། མི་རིགས་ཤིག་གི་བསམ་བློ་དེ་གོམ་གང་མདུན་དུ་སྤོས་པའི་རྟགས་ཤིག་རེད། དེ་ངས་བརྙན་འཕྲིན་ཁང་གི་བཅར་འདྲའི་སྐབས་སུའང་བཤད་པ་ཡིན། སྔོན་ཆད་ང་ཚོའི་མི་རིགས་འདིས་ཆོས་ལུགས་ལ་འགན་ཁུར་བ་ཡིན་དེ་དགོན་པ་འདེབས་པ་དང་རྟེན་བཞེངས་པ་སོགས་ལ་མང་ཚོགས་ཀྱིས་རང་འགུལ་སྒོས་དད་པས་ཀུན་ནས་བསླངས་ཏེ་འབྲེལ་འཇོག་བྱེད་ཅིང་ཞལ་འདེབས་འབུལ་མོད་སློབ་གྲྭ་ལ་འབུལ་བའི་དཔེ་མེད། ཡིན་ནའང་དེང་སྐབས་སློབ་གྲྭ་ལའང་འདི་ལྟར་འབྲེལ་འཇོག་དང་ཞལ་འདེབས་འབུལ་གྱིན་ཡོད་པ་རེད། ཁ་སང་ཞིང་ཆེན་གྱི་ཞིབ་དཔྱོད་པ་འོང་དུས་ཀྱང་ངས་དེ་ལྟར་བཤད་པ་ཡིན། འདིའི་ནང་དུ་ལས་བྱེད་པའི་སྒོར་མོ་མེད་ལ་རྒྱལ་ཁབ་གཞུང་གི་སྒོར་མོའང་སྐར་མ་གང་མེད། ཚང་མ་མང་ཚོགས་རྐྱང་རྐྱང་གི་སྒོར་མོ་ཡིན་ཞེས་བཤད་པ་ཡིན། འདི་ནི་མང་ཚོགས་ཀྱིས་རང་གི་སློབ་གསོ་ལ་འགན་ཁུར་བ་རེད། དེ་བཞིན་དུ་རང་གི་དཔལ་འབྱོར་ཡར་རྒྱས་གོང་འཕེལ་ལའང་འགན་ཁུར་དགོས་པ་རེད། ཇི་ལྟར་བྱས་ནས་རང་གི་དཔལ་འབྱོར་དར་རྒྱས་གོང་འཕེལ་ལ་གཏང་རྒྱུ་དེ་མི་རེ་རེ་ལ་འགན་འཁུར་ཡོད་དེ། འགོ་ཁྲིད་ལ་འགོ་ཁྲིད་ས་ན་འགན་འཁུར་ཡོད་ཅིང་མང་ཚོགས་ལ་མང་ཚོགས་ས་ན་འགན་ཁུར་ཡོད། ཁྱད་པར་དུ་དགེ་རྒན་ནི་མི་རིགས་ཤིག་མདུན་དུ་བསྐྱོད་པའི་དེད་དཔོན་དང་ཡར་རྒྱས་ཀྱི་ཁ་ཕྱོགས་འཛིན་མཁན་གྱི་ཁ་ལོ་བ་ལྟ་བུ་རེད། དགེ་རྒན་གྱིས་རང་གི་རྒྱལ་ཁབ་དང་མི་རིགས། ས་གནས་བཅས་ལ་འགན་འཁུར་བའི་སློབ་མ་མང་བོ་བསྐྱེད་སྲིང་བྱེད་ཅིང་སློབ་མ་རྣམས་ཀྱིས་སྤྱི་ཚོགས་ལ་ཕན་གདགས་དགོས་པ་རེད། དེ་བས་ཚང་མས་རང་རང་ས་ནས་བསམ་བློ་བཏང་སྟེ་འབད་བརྩོན་བྱ་རྒྱུ་ནི་གཅིག་ན་སྐུལ་སློང་དང་གཉིས་ན་རེ་བ་ཡིན་ནོ། །

  ད་དེ་མ་གཏོགས་ཅང་བཤད་རྒྱུ་མེད། མཐར་ཚང་མར་ལུས་ལ་ན་ཚ་མེད་ཅིང་བསམ་པ་ཆོས་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས།  ༼རྫོགས་སོ། །༽


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2018-02-02 ལྟ་ཀློག (9046)