རྭ་རྒྱའི་སློབ་མ་བཙུན་སྐྱབས་རྒྱལ་གྱིས་གཙང་ཤོག་བཟོ་གྲྭ་དང་སྤྱི་ཕན་ཁེ་ལས་སྣེ་ཁྲིད་བྱས།


    རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་བཙུན་སྐྱབས་རྒྱལ་གྱིས་སྣེ་ཁྲིད་བྱས་པའི་འོག་གཙང་ཤོག་བཟོ་གྲྭ་དང་སྤྱི་ཕན་ལས་སྒོ་གསར་སྤེལ་བྱུང་བ།


ན་གཞོན་ཁེ་ལས་པ་བཙུན་སྐྱབས་རྒྱལ།


      རྒྱུས་ལོན་བྱས་པ་ལྟར་ན།  སྤྱི་ལོ་༢༠༡༧ལོའི་ཟླ་༡༢པའི་ཚེས་༢༢ཉིན་མཚོ་སྔོན་ཞིང་ཆེན་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་ལྟེ་གནས་སུ་བོད་ཀྱི་ན་གཞོན་ཁེ་ལས་པ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བདུན་པའི་མཐར་ཕྱིན་སློབ་མ་བཙུན་སྐྱབས་རྒྱལ་གྱིས་རང་ས་གནས་ཀྱི་ན་གཞོན་དུ་མ་ཞིག་དང་མཉམ་དུ་མ་རྐང་བསྡུས་པའི་མཉམ་འབྲེལ་ཁེ་ལས་དཔལ་དར་སུམ་འཛོམས་ཚོང་ལས་ཚད་ཡོད་འགན་ལེན་མཐུན་གཉེར་ཁང་ཞེས་པ་ཞིག་བཙུགས་ཡོད།

      ཐོག་མར་ས་གནས་ཀྱི་དགོས་མཁོ་དང་བོད་ཀྱི་ཁྲོམ་རའི་ཁ་སྐོང་ཞིག་གི་དོད་དམ་ཡང་ན་སློབ་ཆེན་པ་རྣམས་གཙོས་ན་གཞོན་མང་བོ་ལས་ཞུགས་བྱེད་པར་ཁ་གཏད་དེ་གཙང་ཤོག་སྣ་ཚོགས་ཐོན་སྐྱེད་བྱེད་བཞིན་ཡོད་པ་ཞིག་རེད།

      མིག་སྔར་བོད་ཀྱི་ཁྲོམ་རའི་ནང་དུ་གཙང་ཤོག་གི་ཁོར་ཡུག་ལ་དེ་འདྲའི་དང་དོད་བྱེད་མཁན་མང་བོ་ཞིག་མེད་པས།   ན་གཞོན་འདི་དག་གིས་ཆུང་ས་ནས་བོད་ཀྱི་ཁབ་སྐུད་པ་ཚུན་ཆོད་རང་གིས་ཐོན་སྐྱེད་དང་།   ཡང་ན་དྭངས་གཙང་གི་མདོ་དབུས་མཐོ་སྒང་གི་ཁོར་ཡུག་ལ་འབག་བཙོག་མི་བཟོ་བའི་ཐབས་ལམ་ལ་མནོ་བསམ་དང་ཁ་ཡོད་ལག་ཡོད་ཅེས་པའི་སྤྱི་ཕན་ཁེ་ལས་ཤིག་གཉེར་བ་བསྙོན་དུ་མེད་པ་ཡིན་ཙང་།

      ཁེ་ལས་འདིར་བརྟེན་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་།  ན་གཞོན་ལས་སྒོ་གསར་སྤེལ་ལ་སྐུལ་འདེད་བཏང་ནས།  ས་གནས་མང་ཚོགས་ཀྱི་དཔལ་འབྱོར་གོང་འཕེལ་དུ་གཏོང་བར་ཚོང་ལས་སྡེ་ཁག་སོ་སོའི་ཚོང་རྟགས་གཙང་ཤོག་ངོས་ལ་ཕབ་སྟེ་ཁྱབ་བསྒྲགས་བྱེད་པ་དང་།  རྒྱལ་ཁབ་རིམ་པའི་ཆེད་མཁས་པ་གདན་ཞུ་བྱས་ཏེ་ལོ་རེར་རིན་མེད་གསབ་སྦྱོང་སྤེལ་བ་སོགས་རང་ས་གནས་གཙོས་ན་གཞོན་ཁེ་ལས་པ་མང་བོའི་མདུན་ལམ་སྔར་ལས་ཡངས་པར་རོགས་འདེགས་དང་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུ་ཡིན་པ་དེ་ཁོ་ཚོའི་དམ་བཅའ་དང་རེ་བ་རེད།

      དེ་བས་ཁེ་ལས་པ་ཞེས་པ་ནི་སྤྱི་ཚོགས་ལ་འགན་འཁུར་མཁན་ཞིག་ལ་ཟེར་ཞིང་ཚོང་བ་ཟེར་ཚད་ཀྱིས་སྤྱི་ཕན་ལ་འགན་མ་ཁུར་སྟབས། ན་གཞོན་འདི་དག་གི་ལྷག་བསམ་དང་སྙིང་སྟོབས་ཀྱིས་གཙང་ཤོག་ལྟ་བུའི་ལས་ཀ་ཞིག་གི་དབུ་བཙུགས་ཏེ་ལས་སྒོ་སྣ་མང་གསར་སྤེལ་བྱ་བར་བློ་དཀར་བ་དེས་བོད་ཀྱི་ཚོང་ལས་ཁྲོམ་ར་བདེ་ཐང་ངང་ཕུན་སུམ་ཚོགས་པ་ཞིག་ཏུ་གཏོང་བ་ལ་སྔར་ལས་ལྷག་པའི་འབོད་སྐུལ་དང་ཆོད་སེམས་གསར་བ་ཞིག་བཞག་ཡོད།

     མདོར་ན་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ཀྱིས་ལས་རིགས་འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་རྒྱུ་ནི་ཆེས་གལ་འགངས་ཆེ་བ་ཞིག་ཡིན་པ་ལས།  ཡང་ཡང་བསྐྱར་དཔར་བྱས་ཏེ་རང་གཞན་གཉིས་ཀྱི་ལམ་ཁ་མེད་པར་བཟོ་བ་ནི་ང་ཚོའི་མིག་སྔའི་ཉམས་མྱོང་ཁྲོད་ཀྱི་བོད་ཁྲོམ་ཉམས་རྒུད་དུ་འགྲོ་བའི་གནད་དོན་ཆེན་པོ་ཞིག་ཆགས་ཡོད་པ་མཁྱེན་པར་མཛོད།


      སྒོ་འབྱེད་མཛད་སྒོའི་སྟེང་དཔལ་དར་སུམ་འཛོམས་ཚང་གི་སྤྱི་གཉེར་བ་བཀྲ་ཤིས་རྒྱལ་དང་ཚོ་ཤོག་གསར་བའི་སྡེ་དཔོན་རྡོ་རྗེ་འབུམ་གཉིས་ཀྱིས་སྒོ་བྱང་གི་ཞལ་ཁེབས་ཕྱེས་འདུག

ད་དུང་སྒྲོག་བྱང་དཔྱང་དར་སྟེང་དུ།

          མི་རིགས་མཐུན་སྒྲིལ་སེམས་ལ་བཅངས་ནས།།

         མཚོ་ལྷོའི་དར་རྒྱས་འབད་པའི་བརྩོན་དགོས།།

         གཞོན་རབས་ཤེས་འཇོན་པས་དུས་མཐུན་དཔལ་ཡོན་བསུ།།

         སྤྱི་ཕན་ཁེ་ལས་ཀྱིས་འཆམ་མཐུན་སྤྱི་ཚོགས་བསྐྲུན།།ཞེས་བྲིས་ཡོད།


དཔལ་དར་སུམ་འཛོམས་ཚོང་ལས་ཚད་ཡོད་འགན་ལེན་མཐུན་གཉེར་ཁང་གི་སྒོ་འབྱེད་མཛད་སྒོ་ཆེན་མོ།


གཙང་ཤོག་ཐོན་སྐྱེད་བྱེད་པ།


བཟོ་གྲྭའི་ནང་གི་ཡུལ་དངོས་ཤིག


དྭངས་གཙང་གི་ཤོག་བུ་དཔལ་དར་སུམ་འཛོམས།

ཁྱེད་ཀྱི་བདེ་ཐང་ནི་ང་ཡི་འགན་འཁྲི་ཡིན་ཞེས་པའི་དཔལ་དར་སུམ་འཛོམས་རྟགས་ཅན།

རང་བྱུང་ཐོན་རྫས་སྨྱུག་མའི་རྒྱུ་ཆ་ལས།།ལེགས་འཁྲུངས་དཀར་འཇམ་གཙང་ཤོག་ཁྱད་དུ་འཕགས།།

ས་གནས།

མཚོ་སྔོན་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་༡༢༦ལམ་རྟགས།

0974-8589139

13639743455, 15597576444

地址:兴海县河卡镇国道126号

联系方式:13639743455, 15597576444


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2018-01-29 ལྟ་ཀློག (9645)