རྔ་བའི་ཨེ་འགོག་དང་ཉལ་ཐ་སྔོན་འགོག་གི་འཆད་ཁྲིད།

རྔ་བའི་ཨེ་འགོག་དང་ཉལ་ཐ་སྔོན་འགོག་གི་འཆད་ཁྲིད།


     དེ་རིང་སྟེ་སྤྱི་ལོ་2018-1-21ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཡན་ལག་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱིས་བསྡུས་པའི་གསོ་སྦྱོང་འཛིན་གྲྭ་སྐབས་གསུམ་པའི་སྟེང་བོད་ཀྱི་ཨེ་འགོག་རང་འདུན་པ་གྲགས་ཅན་བཀྲ་ཤིས་རྒྱ་མཚོ་དང་རྔ་བ་ལུང་བའི་ཨེ་འགོག་རང་འདུན་པ་གཅིག་བུ་རྫོང་འཕྲོད་བསྟེན་ཁང་གི་བསམ་གཏན་ནམ་བློན་རི་ཤོར་རྣམ་གཉིས་ཆེད་དུ་གདན་འདྲེན་ཞུས་ཏེ་ཨེ་ཛི་སྔོན་འགོག་དང་ནད་རིགས་གསོ་བཅོས།  ཐུམ་ནད་སྔོན་འགོག་དང་ཟས་རིགས་འཕྲོད་བསྟེན།  ལྷག་ཏུ་རྔ་བའི་ལུང་བར་དར་བཞིན་པའི་ཉལ་དུད་སོགས་ཀྱི་སྐོར་ནས་སྔོན་འགོག་དང་བཅོས་པའི་ཐབས་ལམ་སོགས་རང་ལུས་བདེ་སྲུང་།  ཚབས་ཆེ་བའི་ནད་ཡམས་སྔོན་འགོག་སྐོར་གྱི་ཤེས་བྱ་གང་མང་མདོ་དྲིལ་ཞིང་གནད་ཚང་བའི་འཆད་ཁྲིད་ཅིག་སྤེལ་བར་ཞིང་ཆེན་གསུམ་གྱི་སློབ་མ་སྟེ། རྔ་བ། པདྨ། རྨ་ཆུ། ཁྱུང་མཆུ། གཅིག་སྒྲིལ། འཛམ་ཐང་། མཛོད་དགེ། མགོ་ལོག་སོགས་ནས་ཕེབས་པའི་སློབ་མ་ཁྱོན་ཉིས་བརྒྱ་ལྷག་ཅིག་ཟུར་ཞུགས་ཉན་མཁན་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད།

       ཐེངས་འདིའི་གསབ་སྦྱོང་སྟེང་ཕེབས་པའི་སློབ་གྲོགས་རྣམས་ཀྱིས་གང་ཐོས་རྣམས་ཟིན་བྲིས་སུ་ཕབ་པ་དང་མཇུག་ཏུ་དྲི་བ་དྲིས་ལན་བྱས་པའི་སྐབས་སུ་ཡང་གནད་ལ་ཁེལ་བའི་དྲི་བ་སོགས་བཏོན་པར་དགེ་རྒན་གཉིས་དགའ་ཚོར་ཆེན་པོར་སྐྱེས་པ་དང་ཆབས་ཅིག་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱིས་ཁོང་གཉིས་ལ་བཀའ་དྲིན་ཞུ་རྟེན་ཕུལ་ཏེ་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པར་བྱུང་ཡོད།


རྫོང་འཕྲོད་བསྟེན་ཁང་གི་ཨེ་འགོག་རང་འདུན་པ་བསམ་གཏན་ལགས་ཀྱིས་གསུང་བཤད་གནང་བཞིན་པ།


བོད་ཁམས་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་པའི་ཨེ་འགོག་རང་འདུན་པ་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།


ཚོགས་རའི་ཟུར།


ཐོན་མིའི་སློབ་ཚོགས་ཀྱིས་ཨེ་འགོག་རང་འདུན་པ་བཀྲ་ཤིས་རྒྱ་མཚོར་བཀའ་དྲིན་ཞུས་པ།


ཐོན་མིའི་སློབ་ཚོགས་ཀྱིས་ཨེ་འགོག་རང་འདུན་པ་བསམ་གཏན་ལ་བཀའ་དྲིན་ཞུས་པ།


ཐེངས་འདིའི་གསར་འགོད་པ་རྨེའུ་རྐང་ཐང་བ་དང་དོན་ཁོ།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2018-01-21 ལྟ་ཀློག (4001)