​གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགུན་གནང་དང་འབྲེལ་བའི་ལོ་མཇུག་སྤྱི་བསྡོམས་ཚོགས་འདུ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགུན་གནང་དང་འབྲེལ་བའི་ལོ་མཇུག་སྤྱི་བསྡོམས་ཚོགས་འདུ། 

       སྤྱི་ཟླ་༡༢ཚེས༣༡སྟེ་༢༠༡༧ལོའི་ལོ་མཇུག་གི་དགོང་མོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་དགེ་སློབ་རྣམས་ལ་དགུན་གནང་སྟེར་བའི་ཚོགས་འདུ་དང་འབྲེལ་ནས་ལོ་གཅིག་གི་བྱ་བར་སྤྱི་བསྡོམས་བྱས་ཤིང་།  ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་སློབ་མའི་ཀུན་སྤྱོད་ཀྱི་ཕྱོགས་དང་།  ཁྱད་པར་དུ་དགུན་གནང་སྐབས་སུ་སློབ་མ་རྣམས་རང་རང་གི་ཕ་ཡུལ་དུ་སོང་ན་མ་ཡུམ་སློབ་གྲྭའི་སློབ་མའི་ཀུན་སྤྱོད་དང་བསམ་བློའི་རྩ་དོན་མི་འདོར་རྒྱུ་དང་།   རང་ཉིད་སློབ་མ་ཞིག་ཡིན་པའི་འོས་འགན་མི་བརྗེད་རྒྱུ་སོགས་ཕ་མའི་བུ་ལ་ཁ་ཏ་གནང་བ་བཞིན་དགེ་སློབ་ཡོངས་གནས་གནས་སྐབས་སོ་སོར་གྱེས་པ་ལ་སེམས་ལ་དམ་པོར་འཛིན་རྒྱུའི་བསླབ་སྟོན་ཟབ་གནད་ཅན་མང་བོ་གནང་ཞིང་།

    ཚོགས་འདུའི་སྟེང་དུ་གཞན་རྒྱུ་རྩ་ཆེན་རྙེད་ཀྱང་རང་འགུལ་གྱིས་རྒྱུ་བདག་ལ་ཕྱིར་སྤྲོད་མཁན་དང་།  ཀུན་སྤྱོད་ལེགས་པའི་སློབ་མ། ཕུལ་བྱུང་དགེ་རྒན་དང་ལས་བཟོ་བ། ཕུལ་བྱུང་སློབ་མ་བཅས་ལ་བྱ་དགའ་བྱིན་ཏེ་གཟེངས་བསྟོད་བྱས་པར་མ་ཟད།   ཐེངས་འདིར་ཨ་ཁུ་སྟོན་པ་ཚན་རྩལ་མཐུན་གཉེར་ཁང་གི་སྤྱིའི་འགོ་གཙོ་འཇམ་དབྱངས་ཤེས་རབ་ཆེད་དུ་སྤྱི་བསྡོམས་ཚོགས་འདུ་ལ་ཞུགས་ནས་ཕུལ་བྱུང་སློབ་མ་བཞི་ལ་ཁོས་གསར་གཏོད་བྱས་པའི་ཨ་ཁུ་སྟོན་པ་རྟགས་ཅན་གྱི་ཀློག་གླད་རེ་བྱ་དགར་བྱིན།

      གཞན་དགུན་གནང་སྟེར་བའི་སྐབས་འདི་དང་བསྟུན་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ངེད་ཐོན་མིའི་སློབ་ཚོགས་ཀྱིས་ཀྱང་རང་རེའི་སློབ་མ་ཡོངས་དགུན་གནང་སྐབས་འདིར་ཡུལ་གང་དུ་སོང་ནས་ལས་ཅི་ཞིག་བསྒྲུབས་ཀྱང་རང་ཉིད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་ཞིག་ཡིན་པ་དང་སློབ་དཔོན་བཀའ་དྲིན་ཅན་དག་གིས་ནམ་ཡང་རེ་ལྟོས་གནང་ས་དེ་ཡིན་པས་བསམ་བློ་དང་ཀུན་སྤྱོད་ཀྱི་ཕྱོགས་ནས་གཞན་ལ་དང་བ་བསྐྱེད་མི་ཐུབ་ཀྱང་མ་ཡུམ་སློབ་གྲྭའི་བླ་མི་བསྒུལ་སྙམ་པའི་དམ་བཅའ་དང་བག་ཡོད་ཀྱི་དྲན་ཤེས་དང་བཅས་སླར་ཡང་མི་འགྱང་བར་ལོ་གསར་བའི་ནང་དུ་ཚང་མ་ནད་མེད་བདེ་ཐང་དང་།  ཁ་རྗེ་རླུང་རྟ་མ་ཉམས་པར་མ་ཡུམ་སློབ་གླིང་དུ་མཉམ་འཛོམས་འབྱུང་བར་རེ་སྨོན་དང་འབོད་སྐད་ཞུས་པ་ལགས།  

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་བྱ་དགའ་གནང་བཞིན་པ། 

སྤྱི་བསྡོམས་ཀྱི་ཡུལ་ངོས། 

ཕུགས་བསམ་གྱིས་བརྟས་པའི་བརྩོན་ལྡན་གྱི་སློབ་བུ་རྣམས།  

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2018-01-01 ལྟ་ཀློག (3858)