གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གིས་རོགས་སྐྱོར་བྱ་འགུལ་སྤེལ།


     ཁ་སང་སྟེ་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་བཟོ་ཚོགས་ཀྱིས་2017ལོའི་ལོ་མཇུག་བྱ་བའི་སྤྱི་བསྡོམས་དང་རང་བཟོ་གྲྭ་རུ་ལོ་གསར་ལེགས་སྐྱེས་ཞེས་པའི་བྱ་འགུལ་ཁྲོད་དུ་དཀའ་ཁག་ཅན་གྱི་ལས་བཟོ་བ་བཅུ་བཞི་ལ་འཚོ་བའི་ཐད་རོགས་སྐྱོར་བྱས་ཏེ་མ་འོངས་པར་མུ་མཐུད་དུ་རོགས་སྐྱོར་བྱ་རྒྱུའི་འཆར་གཞི་ཡག་པོ་བཏོན།



     ཉིན་གུང་ཡས་མས་ཤིག་ལ་དཀའ་ཁག་ཅན་གྱི་ལས་བཟོ་བའི་ཁྱིམ་དུ་རྒྱུས་ལོན་བྱས་ཤིང་རྨ་ཆེན་རྫོང་རྒན་གསོ་ཁང་དུ་སོང་སྟེ་རྒན་པ་བཅུ་ལ་སེམས་འདུན་མཚོན་བྱེད་ཀྱི་ལེགས་སྐྱེས་ཇ་ནོམ་པ་ཕུལ།


      རྒན་པ་རྣམས་ཀྱིས་དགའ་བའི་འཛུམ་དང་དགོད་པའི་ཉམས་ཀྱིས་མདུན་བསུས་ཏེ་དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་ཁོ་ཚོར་ལོ་སྔ་མར་ཡང་གཞན་ཕན་གྱི་ལྷག་བསམ་དཀར་བོས་རོགས་སྐྱོར་ཆེན་པོ་བྱས་ཚུལ་དང་ད་ལོར་ཡང་ཁྱོད་ཚོས་ཁོང་གི་ཐུགས་བཀོད་བཞིན་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞེས་ཞེ་ལྷོད་ལྷོད་ངང་ནས་ཕན་ཚུན་ལ་ཁ་བརྡ་མང་བོ་གློད།


མཐར་མི་ལ་ནད་མེད་ཚེ་ཡི་བཀྲ་ཤིས་དང་བྱ་བར་གེགས་མེད་གཡང་གི་བཀྲ་ཤིས་ཤོག་ཅེས་པའི་ཁ་གཡང་དྲོན་མོའི་ཁྲོད་དུ་ད་ལོའི་བྱ་འགུལ་ཡོངས་སུ་མཇུག་ལེགས་པར་གྲུབ་བོ།།

གསར་འགོད་པ་གཡོན་གཞིས་ཁྲོ་རྒྱལ།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2018-01-01 ལྟ་ཀློག (3611)