ལྕང་ལུང་རི་ཁྲོད་ཀྱི་ལོ་རྒྱུས་སྐྱ་ཐིག

ལྕང་ལུང་རི་ཁྲོད་ཀྱི་ལོ་རྒྱུས་སྐྱ་ཐིག


དྷཱིཿཕུ་ཉི་གཞོན།
 ཆོས་ཀྱི་བླ་མ་ཆོས་གྲགས་བཟང་བོ་ཡིས།།
 ཆོས་ཀྱི་ཞིང་ལ་ཆོས་ཀྱི་སྒར་ཞིག་བཏབ།།
 ཆོས་རྗེ་ཞེས་པའི་ཆོས་ཀྱི་ཞིང་ཁམས་འདིའི།།
 ཆོས་ཀྱི་བླ་མ་རྣམས་ལ་ཕྱག་འཚལ་ལོ།།


 གནས་མཆོག་ལྕང་ལུང་རི་ཁྲོད་ཅེས་བྱ་བའི།།
 གནས་ཀྱི་བཀོད་པ་སུམ་རྩེན་ལྷ་ཡུལ་འགྲན།།
 གནས་ཀྱི་བྱིན་རླབས་མངའ་བའི་ཞིང་མཆོག་འདིའི།།
 གནས་ཀྱི་ལོ་རྒྱུས་འགའ་ཞིག་བྲི་བར་བྱ།།
  
     ཞེས་མཆོད་ཚིག་མེ་ཏོག་ཆུན་པོས་མདུན་བསུས་ཏེ་གནས་མཆོག་ལྕང་ལུང་རི་ཁྲོད་ཀྱི་ལོ་རྒྱུས་སྐྱ་ཐིག་ཅིག་བྲི་བར་བྱ་བ་ལ།
 དེ་ཡང་ཇི་སྐད་དུ། བཀའ་གདམས་གླེགས་བམ་ལས།
 ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།།
 གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད།།
     ཅེས་གསུངས་པ་ལྟར།  རྣམ་འདྲེན་རྒྱལ་བ་དུ་མས་ཆོས་ཀྱི་འཁོར་ལོ་བསྐོར་སའི་གནས་མཆོག་འཕགས་ཡུལ་རྡོ་རྗེ་གདན་ལས་དཔག་ཚད་བརྒྱ་ལྷག་ཙམ་བགྲོད་པའི་བྱང་གི་ཆར། རབ་དཀར་གངས་རིའི་མུ་ཁྱུད་ཀྱིས་ཟླུམ་པོར་བསྐོར་བའི་ཆོས་ལྡན་བོད་ཀྱི་རྒྱལ་ཁམས་ཆེན་པོ་ལྷོ་རྒྱལ་འཛམ་བུ་གླིང་བའི་རྒྱ་ཕིབས་དང་ཆུ་བོའི་མཆོད་རྟེན་གྱི་གཟུགས་སུ་ལྷམ་མེར་ཆགས་ཤིང་། ཡུལ་ཁམས་ཆེན་པོ་འདི་ནང་བཅུད་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཆོལ་ཁ་གསུམ་དུ་ཕྱེས་པ་ལས་མདོ་སྨད་ཤེས་རིག་གི་ཆོལ་ཁའི་ལྷོ་རྒྱུད་དུ་གཏོགས་པ། མདོ་སྨད་ས་ཡི་ཐིག་ལེ་མཛོད་དགེ་གླིང་དཀར་སྟོད་ཀྱི་སའི་ཆར་ཆོས་རྗེ་ནང་བ་ཞེས་དགེ་བཅུའི་མཚན་མ་མངོན་པར་བཀྲ་བའི་ཡུལ་གྲུ་དེའི་ཁོངས་གཏོགས་སུ་ཆགས་ཡོད།

ལྕང་ལུང་རི་ཁྲོད་ནི།

     ཐོག་མར་ནག་ཚང་མའི་གྲྭ་སའི་དགེ་བཤེས་འཇུ་དགེ་བཤེས་ཀྱི་རི་ཁྲོད་ཡིན་པར་གྲགས་ལ། དེ་ཡང་ཡིན་ངེས་ཏེ་མི་ལོ་ཉིས་བརྒྱའི་ཡར་སྔོན་ལ་རྨེ་བ་སྟོད་སྨད་དང་ཁ་བར་རྒྱ་སྒོ་ཐང་སོགས་སུ་ནག་ཚང་མས་ས་བཟུང་ཡོད་པ་ནི་ད་ལྟའང་ས་མིང་སོགས་ཀྱིས་ཤེས། དེ་ནས་རིམ་བཞིན་དྷཱིཿཕུ་ཆོས་རྗེ་དགོན་པའི་ལྕང་ལུང་སྤྲུལ་སྐུས་བདག་གིར་མཛད་དེ་བཞུགས་པ་ནས་བཟུང་མིང་ལའང་ལྕང་ལུང་རི་ཁྲོད་དུ་གྲགས་པ་བྱུང་། དེ་ནས་བཟུང་བླ་མ་ཆོས་རྗེ་ཚང་གིས་བདག་གིར་བཞེས་ཏེ་སྐྱབས་མགོན་རྗེས་དཀར་རྡོ་རྗེ་འཆང་དང་ཆོས་རྗེ་སྐུ་ཆེན་རིན་པོ་ཆེ་ཚང་། བླ་མ་མཁྱེན་བརྩེ་དང་ངག་ལོ། ཨ་ཁུ་སྦྱིན་པ་སོགས་སྐྱེས་ཆེན་དུ་མས་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་སྤེལ་ཡོད།

     རྗེས་ནས་རི་ཁྲོད་པ་འགའ་དང་ཆོས་རྗེ་ནང་བའི་བཙུན་མ་ཉེར་བདུན་ད་སྐབས་གནས་དེར་བཞུགས་ཤིང་བསྙེན་མཚམས་སོགས་ལ་སློབ་གཉེར་གྱི་སྒྲིག་འཛུགས་ཆ་ཚང་བ་ཞིག་རིམ་བཞིན་འཐུས་ཇེ་ཚང་དུ་འགྲོ་བཞིན་ཡོད་པ་ནི།

     ཁོང་ཚོས་ཀྱང་བླ་མའི་བཀའ་བཞིན་བཙུན་མ་ལྔ་ལྔ་བྱས་ཏེ་ཟླ་གསུམ་དང་ཉིན་བཅུའི་རིང་ལ་མཚམས་མ་ཆད་པར་བསྙེན་མཚམས་ལ་བཞུགས་ཀྱིིན་ཡོད་པར་མ་ཟད་གཞན་དག་གིས་ཀྱང་ཞོགས་པར་དུས་ཚོད་དྲུག་གི་སྟེང་དུ་ཡར་ལ་བཞེངས་ཏེ་ཐུན་བསྡམས་ནས་དུས་ཚོད་བརྒྱད་ཀྱི་སྟེང་གྲོལ་བ་དང་། ཡང་དགུ་དང་ཕྱེད་ཀའི་སྟེང་ཐུན་བསྡམས་ཏེ་བཅུ་གཅིག་སྟེང་གྲོལ། ཉིན་གུང་གསུམ་གྱི་སྟེང་དུ་ཐུན་བསྡམས་ནས་ལྔའི་སྟེང་དུ་གྲོལ་དགོས། དགོང་མོ་དགུ་དང་ཕྱེད་ཀའི་སྟེང་ནས་བཅུ་གཅིག་བར་ཐུན་བསྡམས་དགོས། འདི་ལྟར་གསེར་ལས་དཀོན་པའི་དུས་ཚོད་དམ་འཛིན་བྱས་ཏེ་ཐོས་བསམ་སྒོམ་གསུམ་དང་ཚོགས་བསགས་སྒྲིབ་སྦྱོང་ལ་འབད་ཀྱིན་མཆིས་པ་རེ་འགའ་ཞིག་ལས་ཡིག་ཚོགས་སྐྱུང་ཕྱིར་འདིར་མ་བཀོད་དོ།།

རི་ཁྲོད་འདིའི་ཆོས་ཐོག་གི་རིམ་པ་ནི།

     ཨ་མདོའི་བླ་མ་གྲགས་པ་བཟང་བོའི་བཀའ་བཞིན་ལོ་རེའི་ཟླ་བ་རེ་རེ་བཞིན་ཚེས་བརྒྱད་ཉིན་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ། ཚེས་བཅུའི་ཉིན་རིག་འཛིན་འདུས་པ། ཚེས་བཅོ་ལྔ་ལ་ཐོས་གྲོལ། ཚེས་བཅོ་བརྒྱད་ལ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ། ཉེར་ལྔ་ལ་མཁའ་སྤྱོད་མ། གནམ་གང་ལ་ཐོས་གྲོལ། ལོ་རེ་བཞིན་ས་ག་ཟླ་བ་ལ་དགེ་སློང་མ་དཔལ་མོའི་ཆོ་ག་འདོན་ཞིང་སྨྱུང་གནས་སྲུང་། ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་དྷཱིཿཕུ་ཆོས་རྗེའི་བྱམས་ཆེན་གདན་རབས་དགུ་བ་སྐྱབས་མགོན་རྗེས་དཀར་རྡོ་རྗེ་འཆང་གི་གདུང་མཆོད་ལ་འཚོགས་བཞིན་ཡོད་པ་བཅས་སོ། །

གནས་འདིའི་ཕན་ཡོན་སོགས་ནི།

     གནས་འདིའི་ཕན་ཡོན་སོགས་པདྨ་འཕྲིན་ལས་གླིང་བས།

ན་མོ་ལོ་ཀུ་ཤྭ་ར་ཡེ།

གངས་ཅན་ལྗོངས་འདིར་འཕགས་མཆོག་སྤྱན་གཟིགས་ཀྱི།།ཐུགས་བསྐྱེད་རྨད་བྱུང་བླ་མེད་བདེན་མཐུ་ལས།། རིག་གསུམ་མགོན་གྱིས་གནས་རི་བྱིན་གྱིས་བརླབས།། དེ་ཡི་ནང་ཚན་སྐྱང་ལུང་རི་ཁྲོད་འདིར།།ཕྱི་ལྟར་འཁོར་ལོ་སྡོམ་པའི་གནས་ཀྱི་མཆོག། ནང་ལྟར་རི་བོ་གྲུ་འཛིན་ཞིང་གི་བཀོད།། གསང་ལྟར་ཨརྱ་ཏཱ་རེའི་གནས་མཆོག་འདིར།།སྔོན་ཚེ་སངས་རྒྱས་གཉིས་པ་ཀ་ར་ཡིས།། ཞབས་ཀྱིས་བཅགས་ཤིང་བྱིན་རླབས་རབ་གནས་མཛད།། ཐུགས་ཆེན་ཡང་གསང་རྡོ་རྗེ་རྒྱ་བདུན་དང་།། མཁའ་འགྲོ་རིག་བྱེད་དམར་མོའི་གསང་སྒྲུབ་སོགས།།གཏེར་དུ་སྦས་ཤིང་བྱིན་རླབས་རབ་གནས་མཛད།། གནས་དེར་གྲུ་འཛིན་ཞིང་གི་བློས་བསླངས་དང་།། གུ་རུ་སེང་གེ་སྒྲ་སྒྲོག་སྣང་བརྙན་སོགས།། ལེགས་པར་བསྐྲུན་ན་གནས་དེའི་ཉམས་རྒུད་གསོ།། གཞན་ཡང་རི་ཁྲུས་རབ་གནས་མང་མཛད་ན།། གནས་བདག་པདྨོ་སྒོ་བརྒྱ་རང་ཤུགས་འབྱེད།།གནས་དེར་དད་གུས་དག་སྣང་ལྡན་པ་ཡིས།། ཕྱག་སྐོར་ལན་གཅིག་བྱས་པའི་ཕན་ཡོན་ནི།། ལུས་སྒྲིབ་སྦྱངས་ནས་ཐར་བའི་ལམ་སྣེ་ཟིན།། གནས་དེར་སྐོར་བ་བརྒྱ་རྩ་བརྒྱད་བྱས་ན།། ཚེ་འདིར་མི་མཐུན་རྒུད་ཉེས་ཞི་བ་དང་།།ཕྱི་མ་མངོན་མཐོའི་ལྷ་མིའི་གོ་འཕང་ཐོབ།། གནས་དེར་ཚོགས་མཆོད་ཕུལ་བའི་བསོད་ནམས་ཀྱིས།། ཕྱི་མ་གྲུ་འཛིན་ཞིང་དུ་དབུགས་ཆེན་འབྱིན།། གནས་དེར་སྒོམ་སྒྲུབ་བྱས་པའི་རྣལ་འབྱོར་རྣམས།། ཚེ་འདིར་ཉམས་རྟོགས་ཡོན་ཏན་གོང་འཕེལ་ཞིང་།།ས་ལམ་ཐམས་ཅད་རིམ་བཞིན་བགྲོད་ནས་སུ།། མཐར་ཐུག་གྲོལ་བ་ཐོབ་པོ་ཨེ་མ་རྨད།། གནས་མཆོག་དེ་ལ་སྨྱུངགནས་བརྒྱ་རྩ་བརྒྱད།། བསྲུང་ན་སྐྱེ་དང་ཚེ་རབས་ཐམས་ཅད་དུ།།དབུལ་ཕོངས་བཀྲེས་སྐོམ་སྡུག་བསྔལ་གདུང་བ་སེལ།།

གནས་དེར་མ་ཎི་དུང་གྲངས་སུས་བགྲང་ན།། འདི་སྣང་འགགས་ཚེ་རི་བོ་གྲུ་འཛིན་ཞིང་།། རྣམ་གྲོལ་དབུགས་ཆེན་འབྱིན་པའི་ས་ལ་གྲོལ།། གནས་དེར་མཚམས་ཁང་ལེགས་པོ་གཅིག་བསྐྲུན་ན།། གཙུག་ལག་ཁང་ཆེན་བཞེངས་དང་བསོད་ནམས་མཉམ།། གནས་དེར་སྤོས་མཆོད་མར་མེ་སུས་ཕུལ་བ།། ཚེ་རབས་ཀུན་ཏུ་ཚུལ་ལྡན་ལུས་རྟེན་ཐོབ།། དེ་སོགས་གནས་དེའི་ཕན་ཡོན་བརྗོད་མཐའ་བྲལ།། ཡིན་ཡང་ས་བོན་ཙམ་དུ་ལེགས་པར་བཀོད།། དེའི་དོན་ཐུགས་སུ་ཟུངས་ཤིག་ཨཐྀ་རྒྱ།།
 ཞེས་གསུངས་པ་ལྟར་གནས་ཀྱི་ཁྱད་ཆོས་སོགས་མང་དུ་འབྲི་རྒྱུ་ཡོད་ཀྱང་ཡིག་ཚོགས་ལ་དོགས་ཏེ་རེ་ཞིག་འདིས་འཐུས་པར་གྱིས།

        ཆོས་ཀྱི་རྒྱལ་བོ་ཆོས་གྲགས་བཟང་བོ་ཡི།།
        ཆོས་རྒྱུན་འཛིན་པའི་ཆོས་འཕེལ་གླིང་མཆོག་གི།།
        ཆོས་སྲིད་ལུགས་གཉིས་ཕོངས་པའི་དྷཱིཿམིང་བས།།

        ཆོས་སྦྱིན་ཞིག་གི་ཚུལ་དུ་ཤར་མར་སྤེལ།།

གསལ་བཤད།

     རི་ཁྲོད་འདིའི་མིང་ཐོགས་ཚུལ་ལ་བཤད་སྲོལ་གཞན་ཞིག་ཡོད་ཀྱང་ངས་འདི་ནས་རང་སྡེའི་རྒན་པ་ཚོའི་ངག་རྒྱུན་ལྟར་བྲིས་ཡོད། མདོར་ན་རི་ཁྲོད་འདིའི་ལོ་རྒྱུས་ཆ་ཚང་ཞིག་མིག་སྔར་མཐོང་དུ་མེད་པས་འདིར་ལོ་རྒྱུས་ཀྱི་ཁ་སྐོང་དང་མ་འོངས་ལོ་རྒྱུས་ཀྱི་དཔྱད་གཞི་ཙམ་དུ་སྙན་ཚིག་གི་སྤྲོས་པ་སོགས་རིང་དུ་དོར་དེ་བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོའི་བོད་ཟླ་བཅུ་བའི་ཚེས་གཉིས་ཉིན་དྷཱིཿཕུ་ཆོས་རྗེ་དགོན་པའི་གྱི་ན་བ་འཇམ་དབྱངས་དབང་ཕྱུག་གམ་དྷཱིཿཕུ་ཉི་གཞོན་དུ་འབོད་པས་བྲིས་སོ།།


རི་ཁྲོད་འདིའི་མིང་ལ།   ལྕང་ལུང་རི་ཁྲོད་ཟེར།

ཕྱག་འདེབས་མཛད་པ་པོ  འཇུ་དགེ་བཤེས་ཡིན་པར་གྲགས།

འདེབས་ལོ།   ལོ་ངོ་ཉིས་བརྒྱ་ཡས་མས་ཤིག

ས་གནས།   མཛོད་དགེའི་ཆོས་རྗེ་ནང་བ།

ད་ལྟའི་གནས་ཚུལ།   བཙུན་མ་ཉེར་བདུན་ལྷག་གིས་ཐོས་བསམ་སྒོམ་གསུམ་བྱེད་པའི་རི་ཁྲོད་ཅིག་ཆགས་ཡོད།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-12-20 ལྟ་ཀློག (9395)