༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ཁག་བཞི་བ།


༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། 


བཛྲ་ཚུལ་ཁྲིམས་རྒྱ་མཚོ། (བླ་བྲང) 

ལེའུ་དང་བོ། བདག་གིས་རྩོམ་འདི་འབྲི་བའི་ཀུན་སློང་།

གསུམ་པ།

    ནང་བསྟན་ལ་ཞིབ་འཇུག་བྱེད་འདོད་པའི་གཟུར་གནས་ཀྱི་གྲོགས་པོ་དག་ལ་དཔྱད་སྒོ་ཅུང་ཙམ་འབྱེད་པའི་རྐྱེན་དུ་འགྱུར་སྙམ་མོ།།    

  དེང་སྐབས་དངོས་པོའི་དཔལ་ཡོན་གྱི་རླབས་རྒྱུན་ཡངས་པའི་རྒྱལ་ཁམས་ཀུན་ཏུ་འཕྱུར་ཡང་གསར་འགྱུར་དང་སྒྲ་སྡུད་འཕྲུལ་འཁོར་གློག་མཐོང་བརྙན་འཕྲིན་སོགས་ལས་ཉིན་རེ་བཞིན་མཐོང་བ་དང་ཐོས་པ་ནི་རྒྱལ་ཁབ་ཕན་ཚུན་གྱི་གཡུལ་འཁྲུགས། མི་རིགས་ནང་ཁུལ་གྱི་འཐབ་འཁྲུགས་དང་འཕྲོག་བཅོམ་དང་རྫས་སྦྱོར་གྱིས་གནོད་པ་ཐེབས་པ་སོགས་བར་ཆད་མེད་པར་འབྱུང་བ་ཡང་བསམ་པའི་དཔལ་ཡོན་གྱི་ཤུགས་མ་ཐོན་པའོ་ཞེས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་བོས་མགྲིན་གཅིག་ཏུ་གླེང་ཞིང་དེ་ལས་ཀྱང་གཟུར་གནས་དུ་མས་དུས་རིམས་ཀྱི་ཉེན་ཁ་སྐྱོབ་པའི་སྨན་མཆོག་ནི་ནང་བའི་ཆོས་སོ་ཞེས་གསུངས་པ་དང་། ཚན་རིག་གི་ཆུ་ཚད་གོང་ཏུ་འཕེལ་ཞིང་གསར་དུ་ཤེས་པ་མང་བོ་ཞིག་ལོ་གཉིས་སྟོང་ཡར་སྔོན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཕྲུལ་ཆས་གང་ལའང་མ་རྟེན་པར་གསལ་བར་གསུངས་ཡོད་པ་མཐོང་བས་ཚན་རིག་དང་མཐུན་པའི་ཆོས་ལུགས་ནི་ནང་བའི་བསྟན་པ་ཁོ་ནའོ་ཞེས་གླེང་བ་སོགས་ཀྱི་རྐྱེན་ལས་དེང༌རབས་ཀྱི་ན་གཞོན་མི་ཉུང་བ་ཞིག་ནང་བསྟན་ལ་ཐེ་ཚོམ་དང་བརྟག་དཔྱོད་ཞིབ་འཇུག་བྱེད་པར་ཞུགས་ཏེ་ནང་བསྟན་དང་ཆོས་ལུགས་གཞན་དག་མི་འདྲ་ཞིང་ཐུན་མིན་གྱི་ཁྱད་ཆོས་ཅི་ཞིག་སྙམ་དུ་དྲི་མཁན་ཡང་མང་བོ་འཕྲད་པས་འདི་ལྟ་བུ་ཞིག་མཛུབ་མོ་རི་སྟོན་གྱི་ཚུལ་དུ་འབུལ་བ་དང་། 

  སྤྱིར་བདག་ལ་སྐྱེས་སྦྱངས་ཀྱི་ཤེས་རབ་ཞན་ཅིང་ཡོན་ཏན་གྱི་ཆུ་ཚད་དམའ་བས་ཇི་ལྟ་བ་བཞིན་སྟོན་པའི་རྔོ་མི་ཐོགས་མོད། འོན་ཀྱང་གང་ཤེས་རྣམས་གཞན་ལ་ཅུང་རེ་བསྟན་པས་སེམས་ཅན་གཅིག་གི་རྒྱུད་ལ་ཡང་དག་པའི་བག་ཆགས་ཙམ་འཇོག་ཐུབ་ནའང་འཛམ་གླིང་ཞི་བདེ་དང་བསམ་པའི་དཔལ་ཡོན་གྱི་འཛུགས་བསྐྲུན་ལ་ཞབས་འདེགས་ཅུང་ཙམ་བསྒྲུབ་པའོ་སྙམ་དུ་ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསླང་སྟེ་ནང་བསྟན་གྱི་ཁྱད་ཆོས་བཤད་པ་ཞེས་པའི་རྩོམ་འབྲི་བ་ལ་ཞུགས་པ་ལགས་སོ།། ལེའུ་དང་བོ་རྫོགས་སོ།།    མི་ཟད་གཏེར་གྱི་སྒོ་ནས་མཐོང་བའི་གཏམ། ། རྒྱུ་མེད་དབུལ་བོས་དྲང་བོར་བཤད་པ་ན། ། དབང་ཕྱུག་འཛོམ་པའི་མི་དག་ཁྲེལ་དགོད་ཀྱང༌། ། ལྷག་བསམ་རླུང་གི་འཕྲུལ་འཁོར་སུ་ཡིས་འགོག ། ཅེས་ཀྱང་སྨྲས་སོ།།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2024-04-03 ལྟ་ཀློག (363)