རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། དར་མཚོ།


ངའི་ཨ་མ།  

དར་མཚོ།  དངོས་སྟོབས་རིག་པའི་འཛིན་གྲྭ

ཕ་ཡུལ།   མགོ་ལོག་པདྨ།

     ངའི་ཨ་མ་ནི་སྐྱེས་གཟུགས་ཕྲ་ལ་ཁ་སྣ་ཡག་པའི་བུད་མེད་མཛངས་མ་ཞིག་ཡིན།མོའི་མཛེས་སྡུག་དེ་ནི་གཞན་དང་འདྲ་བར་བྲིས་མའམ་བཅོས་མ་མིན་པར་ལྷད་མེད་པ་རྐྱང་རྐྱང་ཡིན།གལ་ཏེ་མི་ཞིག་གིས་ང་ལ་ཁྱོད་ཀྱི་སེམས་ནས་ཆེས་རྗེས་སུ་ཡི་རང་བྱེད་པའི་བུད་མེད་སུ་ཡིན་ཞེས་དྲིས་ཚེ།ངས་བསམ་བློ་ཅུང་ཙམ་ཡང་མི་གཏོང་བར།དོགས་པ་མེད་པའི་སྒོ་ནས་ཨ་མ་ཡིན་ཞེས་བཤད་ངེས་ཡིན།རྒྱུ་མཚན་ཨ་མས་ངའི་ཆེད་དུ་དོན་དག་མང་པོ་བསྒྲུབས་མྱོང་ཕྱིར།

  འདས་དོན་ནི་མཐའ་མི་མངོན་པའི་ནམ་མཁའ་བཞིན་རྒྱ་ཆེ་ལ།དེའི་མཐོངས་སུ་ཐང་དཀར་བཞིན་གཤོག་ཟུང་བརྐྱངས་ནས་ནམ་འཕང་བསྟོད་པ་ནི་ཅོལ་ཆུང་གི་བུ་མོ་ངའི་དགའ་ཕྱོགས་ཤིག་ཡིན།ཡང་སྐབས་ལན་རེར་འདས་དོན་གྱིས་ང་རང་ལ་སྡུག་བསྔལ་ཚད་མེད་པ་སྟེར་ཞིང་། ཡང་ལན་རེར་མི་ཡུལ་གྱི་བདེ་སྐྱིད་ལ་ཅི་དགར་རོལ་བའི་སྐྱེ་བོ་བཞིན་དགོད་སྒྲ་སྒྲོག་ཏུ་འཇུག་ཐུབ།

    ལོ་འགའི་སྔོན་སྟེ། ང་རང་བྱིས་པ་ཆུང་ཆུང་ཡིན་པའི་དུས་སུ་ཨ་ཕ་འཇིག་རྟེན་འདི་དང་ཁ་བྲལ་ཞིང་། ངེད་ཚང་སྟེ་ཁྱིམ་གཞིས་ཆུང་ཆུང་ཞིག་གི་གདུང་འདེགས་ཀྱི་ཀ་བ་འགྱེལ་སོང་བར་མ་ཟད། པྲ་ཆལ་གྱི་བྱིས་བློས་ཁེངས་པའི་ཁོ་མོས་ནམ་རྒྱུན་དུང་དུང་ངང་འབོད་ཅིང་ཆེ་མ་ཆུང་གསུམ་གྱི་དོན་དག་ཡར་ཞུ་བྱེད་སའི་ངའི་སྙིང་ཉེ་བའི་ཨ་ཕ་ལགས།ངས་ཁྱེད་ཀྱི་རྗེས་སུ་གསོལ་བ་རྩེ་གཅིག་གིས་སྐྱབས་འཇུག་ཞུ་བར་བྱེད་ཅིང་། ད་ལྟ་ང་རང་གཉོར་སྐྱོང་དང་བདག་སྐྱོང་བྱེད་མཁན་ཨ་མ་གཅིག་པུ་ལས་སུ།

    ལོ་རེར་དུས་བཞིའི་འཁོར་མོ་གང་དང་ཉིན་མཚན་དུས་དྲུག་གི་གནས་སྐབས་ནམ་ཡིན་རུང་།ངའི་ཁྲ་ཆུང་མིག་ལམ་དུ་ཨ་མ་ནི་འཕྲུལ་ཆས་ཀྱིས་བཟོས་པའི་མི་བཞིན་འཁོར་བའི་མི་ཁོམ་པའི་བྱ་བ་ཙག་ཙིག་བྱེད། ངས་སེམས་ལ་གལ་ཏེ་ངའི་ཨ་ཕ་ད་དུང་མི་ཡུལ་འདིར་བཞུགས་ཚེ།ངེད་མ་སྨད་ཀྱི་འཚོ་བ་འདི་ལས་ལྡབ་འགྱུར་གྱིས་བཟང་ནའང་ཐང་།གལ་ཏེ་ང་ལ་ཨ་མར་གཉོར་སྐྱོང་བྱེད་པའི་ནུས་པ་ཡོད་ཚེ།གལ་ཏེ་ཨ་མ་ད་ལྟ་དང་བསྡུར་ན་ལོ་ན་ཅུང་གཞོན་ཚེ།ཡིན་ཡང་།ཡིད་སྐྱོ་བ་ཞིག་ལ་གལ་ཏེ་ཞེས་པ་དེ་རྟོགས་བཟོ་ཙམ་དུ་ཟད།

      དེ་རིང་སྟེ།དགུན་གྱི་བུ་ཡུག་ཀེ་ཐོའི་འགྲམ་རྒྱུད་ལ་སླེབས་པའི་ད་ལྟ།ཕྱི་རོལ་དུ་ཁ་བ་བུ་ཡུག་འཚུབ་ཅིང་ཙག་རླུང་ལྡང་གིན་འདུག ངའི་ལག་པ་དང་རྐང་པའང་དེ་དང་བསྟུན་ནས་འཁྱག་གིས་བསྡམས་ཤིང་། ནམ་རྒྱུན་སེམས་ལ་དྲན་པ་ནི་གལ་ཏེ་ཨ་མ་ངའི་གམ་དུ་བཞུགས་ན། མོའི་གཉེར་མས་གང་བའི་ལག་པས་ངའི་རྐང་ལག་ལ་བྱམས་བརྩེ་དང་དྲོད་འཇམ་གྱི་སྦྱིན་པ་གཏོང་ངེས་ཞེས་ཁེར་ལབ་བྱེད་ཞོར།ཁྱེད་རང་དྲན།

     དུས་ཚོད་ནི་སྐར་མ་གཅིག་ཙམ་ལའང་སྒུག་བཟོད་མེད་པར་གནས་གང་ཞིག་ཏུ་བཞུད་སོང་།ངའི་ཨ་མའི་གདོང་ལའང་དུས་ཚོད་ཀྱི་རྗེས་ཤུལ་ཟབ་མོ་མང་པོ་ཕབ་ཡོད།ཨ་ཁ་ཁ།ངའི་མ་ལོ་ད་ནི་རྒས་ཚར་འདུག ན་ཆུང་དུས་སུ་མིག་ལམ་དུ་མངོན་པའི་དཀར་ལ་དམར་མདངས་ཆགས་པའི་ངོ་གདོང་དེ།ད་ལྟ་གཉེར་མ་མང་པོས་བཏུམས་ཤིང་།སྔོན་བདེ་ལྕག་འཁྱུག་ཅིང་མཚམས་མི་འཇོག་པའི་ལག་པ་དེའི་རུས་ཚིགས་ཀུན་གཡོན་ནས་ན་ཟུག་གཏོང་གིན་འདུག ཆུང་དུས་སུ་ཕྲ་ཞིང་རིང་ལ་གཟི་མདངས་དང་ལྡན་པའི་མོའི་གཟུགས་པོ་ད་ལྟ་གཞུ་མོ་བཞིན་ནང་དུ་སྒུར་འདུག ཡོད་ཚད་ཀྱི་ཡོད་ཚད་ལ་འགྱུར་ལྡོག་བྱུང་འདུག

  ཨ་མ་ལགས།ཁྱིམ་འཁོར་བའི་ལས་ཀའི་ཁྲོད་ན་ང་ལ་རེ་ཞིང་སྒུག་པའི་འོད་སྣང་དྲོན་མོ།ཁྱེད་ཡོད་པས་ངའི་འཚོ་བ་ལ་ཁ་དོག་དང་བཀྲག་མདངས་གསར་བ་ཞིག་སྦྱིན་ལ།ཁྱེད་ཡོད་པས་ང་ཕམ་ཁར་མགོ་མི་སྒུར་ཞིང་རྒྱལ་ཁ་ལ་ང་རྒྱལ་མེད་པའི་བུ་མོ་ཞིག་ཏུ་གྱུར།

ཨ་མ་ལགས། ང་དང་བར་ཐག་རི་ཆུ་སྟོང་གིས་བཅད་པའི་ས་ཆ་ནས། ངས་འུ་གཉིས་ལ་དབང་བའི་འཚོ་བ་ཡོད་ཚད་ལ་ཕྱིར་དྲན་བྱེད་ཞོར། ཁ་པར་གྱི་སྐུད་ལམ་བརྒྱུད་ནས་ཁྱེད་ལ་འཚམས་འདྲིའི་སྐད་ཆ་ཚིག་གཅིག་ཀྱང་མ་ཤོད། ཡིན་ནའང་། ངས་ཁྱེད་ཀྱི་སྐུ་ཚེ་ཁྲི་ལོར་བརྟན་ཕྱིར་མཚན་ཐུབ་ཀྱི་མར་མེ་ཚེ་འབར་ཅིས་ཀྱང་བསྒྲོན་ངེས།

གསལ་བཤད།  རྩྭ་ཐང་བུ་མོའི་ལྷུག་རྩོམ་འགྲན་སྡུར་སྐབས་༡༢པའི་ཁྲོད་ཨང་བཞི་པ་ཐོབ། 



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2024-03-18 ལྟ་ཀློག (300)