ཐེ་བོའི་ཡུལ་གྱི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས།


༄༅།།སྤྱི་ལོ་༢༠༢༤ལོའི་ཟླ་༡པའི་ཚེས་༣༡ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐེ་བོའི་མཐར་ཕྱིན་སློབ་མ་རྣམས་མེ་ཏོག་གི་གེ་སར་ལ་གཡུ་སྦྲང་འཁོར་བ་བཞིན་ཐེ་བོའི་གསེར་གཞོང་གསོལ་མགྲོན་ཁང་ཆེན་མོ་ནས་སློབ་གྲོགས་བཅུ་བདུན་ལྷག་མཉམ་འཛོམས་བྱུང་།

ཐོག་མར་སློབ་གྲོགས་རེ་རེ་གཅིག་རྗེས་གཉིས་མཐུད་ཀྱིས་སྐབས་བཅུ་བདུན་པའི་མཐར་ཕྱིན་སློབ་མ་རྒྱ་མཚོས་ལོ་ངོ་བཅུ་ཕྲག་རིང་ལ་ཐོས་བསམ་གཤའ་མ་བྱས་ཏེ་ད་ལོར་རྫ་སེར་ཤུལ་མཐོ་རིམ་སློབ་གླིང་ནས་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག་པར་བཀྲ་ཤིས་པའི་ཁ་བཏགས་འཐེན་པ་དང་། སློབ་གྲོགས་ཚང་མས་ཁོ་ལ་རྟེན་འབྲེལ་ཞུས། 

ལྷག་དོན་སློབ་གྲོགས་འཇིགས་མེད་ཀྱིས་ཐེངས་འདིར་སློབ་གྲོགས་ལྷན་འཛོམས་བྱུང་དགོས་ཚུལ་གྱི་དམིགས་ཡུལ་ཐོག་ནས་ཁ་བརྡའི་མགོ་བཟུང་ཞིང་། རིམ་བཞིན་སློབ་གྲོགས་རྒན་གཞོན་ཚང་མས་ཐེ་བོའི་ཐོན་མིའི་སློབ་ཚོགས་ནི་འབྱུང་འགྱུར་ཇི་ལྟར་འཕེལ་རྒྱས་སུ་འགྲོ་བའི་ཐབས་ལམ་ཐད་ལ་རང་རང་གི་བསམ་ཚུལ་མཐའ་དག་ལྷུག་པོར་བརྗོད་དེ།  ཕན་ཚུན་བར་ལ་སྦ་གསང་མེད་པར་བསམ་བློ་བརྗེ་རེས་བྱས།  མཐར་དྲན་རྟེན་གྱི་དོད་དུ་ཚང་མས་མཉམ་པར་བླངས་ཏེ་ཐེངས་དང་བོའི་སློབ་གྲོགས་ལྷན་འཛོམས་བདེ་བླག་ངང་མཇུག་བསྡུས་པའོ།།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2024-02-01 ལྟ་ཀློག (682)