རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། བསོད་ནམས་སྒྲོལ་མ།

ཁྱིམ་དུ་ཡོད་པའི་ངའི་དགེ་རྒན།  

བསོད་ནམས་སྒྲོལ་མ། དངོས་སྟོབས་རིག་པའི་འཛིན་གྲྭ

ཕ་ཡུལ།   མགོ་ལོག་རྨ་ཆེན།

          ང་རང་ལ་ཁྱིམ་དུ་ཡོད་པའི་དགེ་རྒན་ཞིག་ཡོད་ལ། ང་རང་ཆུང་དུས་ནས་མོ་ལ་བསྟེན་ནས་ཡོང་བ་ཡིན། སློབ་གྲྭའི་ནང་གི་དགེ་རྒན་ཞིག་དང་འདྲ། ང་རང་ལོ་རིམ་དང་པོར་མ་ཞུགས་པ་ནས་མོས་ང་ལ་སློབ་གསོ་དང་སློབ་སྦྱོང་བྱེད་དུ་བཅུག་མྱོང་བའི་དགེ་རྒན་ཞིག་ཡིན། ང་རང་ལོ་རིམ་དང་པོར་སློབ་ཞུགས་བྱས་ནས། གཟའ་འཁོར་སྐབས་ཡུལ་ལ་སླེབས་དུས་མོས་ང་ལ་ལས་བྱ་འབྲི་རུ་བཅུག་ལ། བྲིས་ཚར་རྗེས་མོས་ད་དུང་ང་ལ་བསྐྱར་ཁྲིད་བྱེད་ལ། གཟའ་འཁོར་ལ་ཕྱིར་འགྲོ་དུས་དགེ་རྒན་གྱིས་ཁྲིད་པ་དག་སྔོན་སྦྱོང་བྱེད་དུ་འཇུགམོ་ནི་ང་ཡི་དགེ་རྒན་གཉིས་པ་དེ་ཡིན།

        ཐེངས་ཤིག་ལ། ངས་གཟའ་འཁོར་གྱི་ལས་བྱ་བྲིས་ཚར་རུང་། འོན་ཀྱང་བློར་འཛིན་རྒྱུ་ཞིག་ཡོད་པ་དེ་མ་བཟུང་བས། མོས་ང་ལ་གཤེ་གཤེ་བྱས། མོ་ཧ་ཅང་ཁོང་ཁྲོ་ལངས་ཡོད་པས་ངའི་སྐྲའི་ནང་ནས་བཟུང་སྟེ་ད་ནས་བློར་ཡག་པོ་འཛིན་ནམ་མི་འཛིན་ཟེར། ངས་ད་ནས་བཟུང་ཡག་པོ་འཛིན་བཤད་པ་ན་ད་གཟོད་ངའི་སྐྲ་བཏང་སོང་། མོས་སློབ་ཚན་ལས་བྱ་བསྐྱར་ཁྲིད་དང་སྔོན་སྦྱོང་བྱེད་དུ་བཅུག་པར་མ་ཟད། ང་ལ་སློབ་གསོ་ཡང་མང་པོ་བྱས་མྱོང་། མོས་ང་ལ་བཤད་རྒྱུར། མི་ཞིག་ལ་འཚོ་བ་དགའ་ཞིག་དང་། མི་ཚེ་ཡག་པོ་ཞིག་ཡོད་འདོད་ན་མི་གཞི་ཀུན་སྤྱོད་ཡག་པོ་ཞིག་མེད་ན། ཡོན་ཏན་དང་རྒྱུ་ནོར་སོགས་ཅི་འདྲ་མང་པོ་ཡོད་ཀྱང་ཕན་ཅི་ཡང་མི་ཐོགས་ཟེར་ནས་ང་ལ་སློབ་གསོ་བྱས་མྱོང་། མོ་ནི་ང་རང་སློབ་གྲྭར་མ་ཡོང་གོང་གི་དགེ་རྒན་ཡིན་ལ། སློབ་གྲྭར་ཡོང་རུང་ང་རང་གི་དགེ་རྒན་ཡིན། མོས་བཤད་པའི་སྐད་ཆ་དེ་དག་ང་རང་ལོ་བརྒྱད་ཡིན་དུས་མོས་ང་ལ་བཤད་པ་ཡིན་ལ། དེ་ནས་ད་བར་དག་དག་ལོ་བདུན་འགོར་སོང་ལ། མོས་བཤད་པའི་སྐད་ཆ་དེ་དག་ངའི་ཡིད་དུ་ད་རུང་བཟུང་ཡོད། མོས་བཤད་པའི་སྐད་ཆ་དེ་དག་ང་རང་ལ་མཚོན་ན་ཧ་ཅང་གལ་ཆེ། ད་ནི་ཁྱིམ་དུ་ཡོད་པའི་ངའི་དགེ་རྒན་དེ་སུ་ཡིན་པ་ངོ་སྤྲོད་བྱེད།

        མོ་ནི་ངའི་ཨ་ནེ་ཡིན་ལ། མོ་ནི་སྐྱེ་གཟུགས་ཕྲ་ཞིང་གདོང་སོགས་ཧ་ཅང་མཛེས་བའི་བུད་མེད་ཅིག་ཡིན། མོ་ནི་ངའི་ཨ་མའི་ནུ་མོ་ཆེ་བ་ཡིན། མོ་ནི་ང་ཆུང་དུས་ནས་དཔེ་ཀློག་བྱེད་དུ་བཅུག་པའི་དགེ་རྒན་དེ་ཡིན་ལ། མོས་ད་དུང་ང་རང་ལ་ཧ་ཅང་གཅེས། མོ་ལ་ཚ་བོ་ཚ་མོ་ཧ་ཅང་མང་ལ། དེའི་ནང་དུའང་ཆེས་གཅེས་པ་ནི་ང་ཡིན། མོ་ཡིན་ན་ཡང་ཆུང་དུས་ནས་སྙིང་ཅུང་ཙམ་མི་བཟང་བས་ཨ་མྱེས་ཀྱིས་བཤད་རྒྱུར། མོ་ཆུང་དུས་སུ་དགོང་མོ་གློ་བུར་དུ་མལ་ལས་ལངས་ནས་ལྷམ་གྱོན་ནས་སྒོ་ཕྱི་རུ་བུད་འགྲོ་ཟེར། དེ་ནས་ཨ་ཁུ་ཞིག་གིས་མོ་ཞིག་བཏབ་པ་ཡིན་ལ། མོའི་སྙིང་ཅུང་ཙམ་མི་བཟང་བས་དེ་འདྲ་བྱེད་པ་རེད་ཟེར་ལ། རྗེས་སུ་སྨན་ཁང་དུ་སོང་ནས་བལྟས་པ་ཡིན་ལ། སྨན་པས་ཀྱང་མོའི་སྙིང་མི་བཟང་ཟེར། ཡིན་ནའང་། མོ་རིག་གནས་ཤེས་བྱ་སློབ་པར་ཧ་ཅང་དགའ། དེ་ལྟར་ཡིན་པས། མོའི་ཕུགས་བསམ་ནི་དགེ་རྒན་ཞིག་ཏུ་འགྱུར་བར་རེ་བ་ཆེན་པོ་བཅངས་ཡོད་ལ། འོན་ཀྱང་མོའི་སྙིང་མི་བཟང་བས་མཇུག་མཐར་དགེ་རྒན་ཞིག་བྱེད་མ་ཐུབ། དེ་ནི་མོ་དགེ་རྒན་བྱེད་འདོད་པའི་རྒྱུ་མཚན་ཡིན། མོས་སློབ་མར་སློབ་ཁང་ནས་སློབ་ཁྲིད་བྱེད་མ་ཐུབ་རུང་། མོས་ང་ལ་མང་པོ་ཁྲིད་པས་མོ་ངའི་སེམས་ནས་སྔོན་ནས་དགེ་རྒན་བཟང་པོ་ཞིག་ཏུ་གྱུར་ཡོད། མོ་ད་ལྟ་དགེ་རྒན་ཞིག་བྱེད་མ་ཐུབ་རུང་། མོས་བྱ་བ་ལས་བཞིན་ཡོད།

        གཞན་པའི་ཕ་མ་ནི་དགེ་རྒན་ཆེས་ཐོག་མ་དེ་ཡིན་ཟེར་ལ། ང་རང་ལ་མཚོན་ན་ཕ་མ་ཆེས་ཐོག་མའི་དགེ་རྒན་ཡིན་ཡང་། མོ་ནི་ང་རང་གི་འཇིག་རྟེན་འདིའི་དགེ་རྒན་གཉིས་པ་དེ་ཡིན། ཨ་ནེ་ལགས། བཀའ་དྲིན་ཆེ། ཁྱོད་ཀྱིས་ང་ལ་ཁྲིད་ཟིན་པའི་བསླབ་བྱ་དེ་དག་ངས་ནམ་ཡང་མི་བརྗེད། ཁྲིད་ཟིན་པའི་ནང་དོན་དག་གིས་ང་ལ་ཕན་ཐོགས་ཆེན་པོ་ཡོད། དེ་དག་ངས་བརྗེད་མི་ཐུབ་ཁོ་ཐག་ཡིན། རྒྱུ་མཚན་ནི་ང་རང་འཇིག་རྟེན་སྟེང་ལ་ཐོན་དུས་དགེ་རྒན་གཉིས་པས་ཁྲིད་པའི་བསླབ་བྱ་དེ་ཡིན། ཨ་ནེ་བཀའ་དྲིན་ཆེ།

གསལ་བཤད། ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་བཅུ་གཉིས་པའི་ཁྲོད་ཨང་བཞི་པ་ཐོབ་པའི་བརྩམས་ཆོས།  



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-11-20 ལྟ་ཀློག (664)