སློབ་གླིང་གསར་འགྱུར། སྐབས་ཉེར་དགུ་བའི་འཁྲུངས་སྟོན་མཛད་སྒོ།

 སྐབས་ཉེར་དགུ་བའི་འཁྲུངས་སྟོན་མཛད་སྒོ། 

༢༠༢༣ལོའི་སྤྱི་ཟླ་༡༡ཚེས་༡༥ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དབུ་བརྙེས་ནས་བགྲང་བྱ་ཉེར་དགུ་འཁོར་བའི་འཁྲུངས་སྟོན་གྱི་མཛད་སྒོ་གཟབ་རྒྱས་ངང་སྤེལ་ཅིང་།  དགེ་སློབ་ཚང་མས་གླུ་གར་རོལ་མོ་སོགས་རིག་རྩལ་སྣ་ཚོགས་ཀྱི་དགའ་སྟོན་ལ་རོལ་ནས་འཁྲུངས་སྐར་བསུས་བར་མ་ཟད། རྩྭ་ཐང་བུ་མོའི་སློབ་གྲྭའི་དགེ་སློབ་ཀྱི་འཐུས་ཚབ་མང་བོ་ཡང་འཁྲུངས་སྟོན་གྱི་མཛད་སྒོར་ཞུགས་ཏེ་གླུ་གར་གྱི་མཆོད་པ་ཕུལ།  སློབ་གླིང་གི་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་དང་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྣམ་པ་གཉིས་ཀྱིས་འཁྲུངས་སྟོན་དང་འབྲེལ་ནས་གསུང་བཤད་ཟབ་མོ་གནང་བ་དང་། ད་ལོར་མཐར་ཕྱིན་སློབ་མ་མང་བོ་ཞིག་མ་ཡུམ་སློབ་གྲྭའི་འཁྲུངས་སྟོན་གྱི་མཛད་སྒོར་དངོས་སུ་འཛོམས་ནས་ལེགས་སྐྱེས་དང་གླུ་གར་གྱི་མཆོད་པ་གང་ལེགས་ཕུལ་ནས་མ་ཡུམ་སློབ་གྲྭའི་བཀའ་དྲིན་མཚོན་པར་བྱས།  དགུང་མོར་ཡང་འཛིན་གྲྭ་སོ་སོས་བཀོད་པ་སྣ་ཚོགས་པའི་འོད་ཁང་གི་མཆོད་སྤྲིན་དང་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་ནས་དགེ་སློབ་ལས་བཟོ་བ་དང་ལྟད་མོ་བ་ཡོངས་སྤྲོ་སྣང་ལྡན་པའི་ངང་མཛད་སྒོ་ཡོངས་སུ་མཇུག་བསྡུས། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-11-20 ལྟ་ཀློག (515)