རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། རྡོ་རྗེ་སྒྲོལ་མ།


དཔེ་ཁུག  

 རྡོ་རྗེ་སྒྲོལ་མ།   ལྷག་བསམ་པད་དཀར་འཛིན་གྲྭཕ་ཡུལ།   

མགོ་ལོག  རྨ་ཆེན།

     ང་ཚོ་མི་སུ་དང་སུ་ཡིན་ཡང་འཇིག་རྟེན་འདིར་ཆེས་དགའ་བའི་དངོས་པོ་རེ་ཡོད་སྲིད། ང་རང་ཆེས་དགའ་བའི་དངོས་པོ་ནི་དཔེ་ཁུག་ཡིན།ངའི་དཔེ་ཁུག་དེ་ནི་ང་རང་ཆུང་དུས་སུ་འཇིག་རྟེན་དང་གཏན་བྲལ་བྱུང་བའི་ཨ་མྱེས་ཀྱིས་ང་ལ་ཉོས་པ་ཡིན། དཔེ་ཁུག་དེ་ཆེ་ཞིང་མདོག་ནག་པོ་ཡིན། སྟེང་དུ་དོམ་ཕྲུག་སྤུན་གཉིས་བྲིས་ཡོད་པས་ང་རང་དཔེ་ཁུག་དེར་ཧ་ཅང་དགའ། ཆུང་དུས་དཔེ་ཁུག་ཆེ་དྲགས་ཏེ་ངའི་གཟུགས་དང་དོ་མཉམ་ཡིན་པས་ནམ་རྒྱུན་ཨ་ཕས་ལག་ཏུ་བཟུང་ནས་འཁྱེར་བ་ཡིན། ང་རང་ལོ་རིམ་འཕར་བ་དང་བསྟུན་ནས་དཔེ་ཁུག་ནང་གི་དཔེ་ཆ་ཇེ་མང་དུ་སོང་བ་དང་། མཚམས་འདིར་སླེབས་དུས་དཔེ་ཆ་ནང་དུ་ཆུད་མི་ཆུད་བྱེད།

       ངས་ནམ་རྒྱུན་དཔེ་ཁུག་ཁུར་དུས་ཨ་མྱེས་ཡིད་ལ་ཤར་བ་དང་མིག་ཆུ་རྡོག་པོ་རེ་མཁུར་ཚོས་ཀྱི་བར་མཚམས་སུ་རང་དབང་མེད་པར་བཞུར་ཞིང་ཨ་མྱེས་དྲན་པའི་གདུང་བ་དཔག་མེད་དུ་སྐྱེས། དཔེ་ཁུག་དེ་ནི་ངའི་སྲོག་དང་མཚུངས། དཔེ་ཁུག་དེར་བཟང་ཆ་ཞིག་ཡོད་པ་ནི་སློབ་གྲྭའི་ནང་དུ་ཞོར་ཟས་འཁྱེར་སྐབས་ཀྱི་ལག་ཆ་བཟང་བོ་ཞིག་ཡིན། ད་དུང་དཔེ་ཁུག་ནང་དུ་སློབ་སྦྱོང་ཡོ་བྱད་མ་གཏོགས་པའི་དངོས་པོ་དང་ཅ་ལག་སོགས་རང་དགར་བཞག་ཆོག

      ཉིན་ཞིག་ལ། ངའི་གཅེས་སུ་འོས་པའི་དཔེ་ཁུག་དེ་ཡང་ང་དང་གཏན་བྲལ་བྱས་སོང་མོད། དེ་ཡང་དབྱར་ཁའི་ཉི་འོད་ཚ་ལམ་ལམ་དུ་ཤར་འདུག ངས་ཀྱང་དཔེ་ཁུག་གཙང་མར་བཀྲུས་ཏེ་སྦྲ་གུར་གྱི་ཆོན་ཐག་སྟེང་དུ་བཀལ་ཡོད། ཉིན་དེར་ལྭ་བ་མང་པོ་བཀྲུས་པ་དང་ང་ཡང་ཐང་ཆད་ནས་རྩྭ་ཐང་སྟེང་དུ་གཉིད་ལ་ཤོར་སོང་། མཐའ་འཁོར་དུ་ཡོད་པའི་ནོར་ལ་ཉམས་མ་བཞག ང་རང་རྨི་ལམ་གྱི་ཞིང་ཁམས་བརྒྱུད་སྐབས། གློ་བུར་དུ་ཧྲག་ཧྲག་ཅེས་པའི་སྒྲ་ཞིག་ཐོས་བྱུང་། ང་མྱུར་མོར་ཡར་དགྱེས་ནས་བལྟས་པ་ན་དེ་ནི་མཛོ་མོ་སེར་རྡང་མས་ངའི་དཔེ་ཁུག་འཆའ་བཞིན་འདུག་པ་མཐོང་བྱུང་། ང་ལ་ཅི་བྱེད་འདི་བྱེད་མེད་པར་གློ་བུར་གམ་དུ་ཡོད་པའི་ཤིང་དུམ་བཟུང་ནས་མཛོ་མོ་བདའ་ཡང་ངའི་དཔེ་ཁུག་སྔར་བཞིན་ཟོས་ཚར།

      སྐབས་དེར་ངའི་སེམས་སུ་ན་ཟུག་གི་རྒྱ་མཚོ་འཁྱིལ་ཞིང་། ངས་རང་ཉིད་ལ་ལེ་བདའ་དྲག་པོ་བྱོས། དཔེ་ཁུག་དེ་ཨ་མྱེས་ཀྱིས་ང་ལ་ཉོས་པའི་དྲན་རྟེན་ཡིན། དཔེ་ཁུག་དེ་ཡོད་ན་ང་ད་གཟོད་ཨ་མའི་གམ་དུ་ཡོད་པ་ཚོར་ཐུབ།

གསལ་བཤད། ལྷུག་རྩོམ་འདི་ནི་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་བཅུ་གཉིས་པའི་ཁྲོད་ཨང་གསུམ་པ་ཐོབ།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-10-13 ལྟ་ཀློག (599)