སློབ་གླིང་གསར་འགྱུར། ལུས་རྩལ་འགྲན་སྡུར་ཆེན་མོ།

ངེད་སློབ་གླིང་གིས་ལོ་རེའི་འཆར་ཅན་ལྟར་ད་ལོའི་སྤྱི་ཟླ་བཅུ་བའི་ཚེས་གཉིས་ནས་ལུས་རྩལ་འགྲན་བསྡུར་གྱི་བྱ་འགུལ་སྐབས་ཉེར་དགུ་བ་སྤེལ་ཅིང་། ཐོག་མར་གླིང་སྟོད་ཀྱི་ལུས་རྩལ་ཐང་དུ་མཛད་སྒོ་དངོས་སུ་འགོ་བརྩམས། དེ་ནས་གླིང་སྨད་ཀྱི་ལུས་རྩལ་ཐང་དང་གླིང་སྟོད་ཀྱི་དྲ་འཕེན་ཐང་བཅས་སུ་སྔ་ཕྱིར་རྒྱུགས་མཆོང་འཕེན་གསུམ་དང་། ས་སྒྱེ་འགྱོགས་པ། ཐག་འཐེན་སོགས་ལུས་རྩལ་གྱི་རྣམ་གྲངས་བཅུ་ཕྲག་དུ་མ་སྤེལ་བར་མ་ཟད། ད་ལོར་མཆོང་རྒྱུག་གི་རྣམ་གྲངས་གསར་བ་ཡང་ཁ་སྣོན་བྱས་པས་དགེ་སློབ་ཐམས་ཅད་ངོ་མཚར་བའི་ལྟད་མོ་སྣ་ཚོགས་ཀྱིས་འཛད་མཐའ་མེད་པའི་སྤྲོ་སྣང་གི་ཀློང་དུ་ཡན་པར་གྱུར། 

   མཇུག་ཏུ་གླིང་སྨད་ནས་སློབ་གཙོ་གཅོད་པ་ཚེ་རིང་ལགས་ཀྱིས་གཙོ་སྐྱོང་གནང་སྟེ་ཐེངས་འདིའི་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་སློབ་མ་རྣམས་ལ་གསེར་དངུལ་ཟངས་གསུམ་གྱིས་མཚོན་པའི་གཟེངས་རྟགས་སྣ་ཚོགས་སྤྲད་ཅིང་། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་དབུ་འཛིན་མཛད་སྒོ་ལ་གཙོ་སྐྱོང་དང་། མཇུག་བསྡུ་ལ་གསུང་བཤད་གལ་ཆེན་གནང་སྟེ་སྤྲོ་སེམས་དང་བཅས་མཇུག་བསྡུས་སོ། །




















གསར་འགོད་པ།  གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-10-08 ལྟ་ཀློག (407)