མི་ལོ་བཅོ་བརྒྱད་རིང་གི་རྩེ་གཞོངས་མཉམ་སྐྱོད་གསབ་སྦྱོང་།

མི་ལོ་བཅུ་གཅིག་གི་ན་གཞོན་ལྗང་ཁུ།
   རྩེ་གཞོངས་མཉམ་སྐྱོད་གསབ་སྦྱོང་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་རྩེ་རོང་ཆོས་མཆོག་སོགས་གཙོས་ས་གནས་ཀྱི་སློབ་ཆེན་སློབ་མས་རོགས་སྒྲུབ་འོག་སྤྱི་ལོ་ཉིས་སྟོང་དྲུག་ལོ་ནས་བཟུང་བཙུགས་ཏེ་མི་ལོ་བཅོ་བརྒྱད་འགོར་ཡོད། ད་ལྟའི་བར་འཛིན་གྲྭ་བརྒྱ་དང་སོ་གཅིག་སློབ་མ་སུམ་སྟོང་བདུན་བརྒྱ་ལྷག་བསྐྱངས་པས་རང་རྫོང་དང་རྫོང་གཞན་ཡ་རྫི་དང་རེབ་གོང་།སོག་རྫོང་།རྐང་ཚ།མགོ་ལོག འབལ་རྫོང་བཅས་ནས་སློབ་མ་མང་བོ་གསབ་ཁྲིད་བྱས་པའི་གྲུབ་འབྲས་མི་དམན་པ་བླངས། ས་གནས་ཀྱི་འགོ་ཁྲིད་དང་མང་ཚོགས་ཀྱི་རེ་བ་ཇི་བཞིན་རོང་བོ་སྡེ་གསུམ་གྱི་གཙོས་ཞིབ་འཇུག་སློབ་མ་དང་སློབ་ཆེན་སློབ་མས་རང་འགུལ་གྱིས་རོགས་བསྒྲུབ་བླ་མེད་གནངས་ཏེ་བསྒྲུབས་པ་ཤ་སྟག་ཡིན། སྤྱི་ལོ་༢༠༢༣ལོའི་ཟླ་༧ཚེས་༤ཉིན་རྩེ་གཞོངས་མཉམ་སྤྱོད་གསབ་སྦྱོང་གི་རྐང་འཛིན་དགེ་རྒན་རྣམས་དང་རྒྱུན་ཞུགས་འཛིན་གྲྭ་བཅུ་གཅིག་གིས་༼བཀྲ་ཤིས་འཛོམས་པ་ཡག་མོའི་སྐབས་དང་པོ་༽སྟོན་ཟླ་ར་བར་སྦྲ་རྒན་དུད་པ་ཅན་ཞིག་གི་ནང་རོལ་དུ་འདུ་འཛོམས་བྱུང་ཞིང་། དུད་དྲེག་ལུད་པའི་འཁར་ཟངས་དུ་འོ་ཇ་མངར་མོའི་མྱོང་བཅུད་དང་། ཤ་དང་ཀ་ར་སིལ་ཏོག་གི་སྡེར་ཁ།བཏུང་བ་ཇ་ཆང་གི་སྐོམ་པ་སེལ་བའི་བསིལ་ཁུ་སྣ་མང་གིས་དགའ་སྟོན་གཟབ་རྒྱས་བཤམས།དགེ་རྒན་གྱིས་བསྟོད་པའི་སློབ་སྟོན་ཡག་པ། སློབ་མས་དགའ་ཚོར་གདོང་གི་འཛུམ་མདངས་རྒྱས་པ། དགོད་པ་དབང་མེད་ཤོར་བའི་ཧབ་ཆ་རིང་བ།སྤྲོ་བ་ཉམས་འགྱུར་རྒོད་པོའི་རྩེད་འཇོ་ལ་ལྟོས་པ་ཙམ་གྱིས་ཚོར་བ་དཔོག་མི་ཐུབ་པ་སྟེར་ངེས། གསབ་སྦྱོང་གི་འཚོ་བ་ནི་མངར་སྐྱུར་ཁ་གསུམ་དང་དཀའ་སྡུག་མཉམ་བསྲེས་ཀྱི་བགྲོད་པ་རིང་མོས་སློབ་སྦྱོང་གི་བྱེད་སྒོ་ལ་མཉམ་གནས་དང་། འཚོ་བ་གོ་སྐྱའི་བསྐྱལ་ལ་དབྱར་དགུན་གྱི་དྲོ་འཁྱག་གདོང་གི་བསུས་པ་དེང་དུས་སུ་དཀོན་མོ་འདུག་པར་སྣང་བས་ང་ཚོ་ལ་ཕྱིར་དྲན་མང་ལ། གཏམ་རྒྱུད་མོད། དེ་བས་མི་ལོ་བཅུ་གཅིག་ལ་ངོ་ཐུག་མྱོང་ལ་མ་མྱོང་པའི་རྒྱུན་ཞུགས་འཛིན་གྲྭ་བཅུ་གཅིག་ནི་དེ་རིང་གི་ན་གཞོན་ལྗང་ཁུ་དེའོ།།

          རོང་སྨྱུག་རྩེན་དུ་འབོད་པས།  ༢༠༢༣  ༨  ༢༠ཉིན།

གསབ་སྦྱོང་གཙོ་སྒྲུབ་པ་རྩེ་རོང་ཆོས་མཆོག


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-08-23 ལྟ་ཀློག (2570)