རྨ་ཆུའི་ཡུལ་གྱི་རྭ་རྒྱའི་སློབ་གྲོགས་མཉམ་འཛོམས།

རྨ་ཆུ་རྫོང་གི་རྭ་རྒྱའི་སློབ་གྲོགས་མཉམ་འཛོམས། 

 སྤྱི་ལོ་༢༠༢༣ལོའི་སྤྱི་ཟླ་༧པའི་ཚེས་མགོར་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་རྨ་ཆུའི་ཐོན་མིའི་སློབ་ཚོགས་ཀྱི་མཐར་ཕྱིན་སྐབས་ལྔ་བ་ནས་ཉེར་བཞིའི་བར་གྱི་འཐུས་ཚབ་སློབ་གྲོགས་རྣམས་མཉམ་དུ་འཛོམས་ནས་སློབ་གླིང་གི་དབུ་བཞུགས་སློབ་དཔོན་རྣམས་གདན་དྲང་སྟེ་བཀའ་དྲིན་དྲན་པའི་གསོལ་ཚིགས་འདྲེན་རྒྱུ་དང་། སློབ་ཚོགས་ཀྱི་ངོས་ནས་ཇི་ལྟར་དང་བླང་རང་བཞིན་གྱི་སྒོ་ནས་སྤྱི་ཚོགས་ཀྱི་ཟ་ཟུར་གང་རུང་ལ་རོགས་འདེགས་དང་ཞབས་ཞུ་བསྒྲུབ་ཕྱོགས་སོགས་ལ་ཁ་བརྡ་དང་གླེང་སློང་བྱས་ཏེ། ད་ལོའི་ཤིང་སློང་ལྷན་འཛོམས་ཀྱི་ཟླ་ཚེས་སོགས་གཏན་ཁེལ་བྱས། 

སྤྱི་ལོ༢༠༢༣ལོའི་སྤྱི་ཟླ་༧པའི་ཚེས་༡༣ཉིན་སྟ་གོན་དང་ཚེས་༡༤ཉིན་ནས་སློབ་གྲོགས་༥༠ལྷག་དངོས་སུ་འཛོམས་ནས་ཤིང་སློང་ལ་རོལ།

 ཚེས་༡༥ཉིན་གྱི་སྔ་དྲོ་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་ལྷན་འཛོམས་སུ་གནད་དྲངས་ཏེ་ནངས་ཇ་དྲངས་ཤིང་ཞོར་དུ་སློབ་གྲོགས་རེ་རེ་ནས་རང་ཉིད་དང་བྱ་བའི་ལས་གནས་སོགས་ངོ་སྤྲོད་བྱས། དེ་རྗེས་ཀན་ལྷོའི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཙོ་རྫ་ཤུལ་བློ་བཟང་རྒྱ་མཚོ་དང་རྨ་ཆུའི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཙོ་ཆོས་ཤུལ་གསང་བདག་གཉིས་ཀྱིས་སློབ་ཚོགས་ཀྱི་བྱ་བའི་འཆར་གཞི་རྣམས་སློབ་དཔོན་མཆོག་ལ་སྙན་ཞུ་ཕུལ་ཞིང་། སློབ་དཔོན་མཆོག་གིས་ཀྱང་དེའི་ཕྱོགས་ལ་ཐུགས་དགྱེས་པའི་བཀའ་སློབ་ལམ་སྟོན་གལ་འགང་ཆེ་བ་བསྩལ། 

ཕྱི་དྲོར་རང་སློབ་གླིང་གི་མཐར་ཕྱིན་སློབ་མ་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་སྐབས་བདུན་པར་ཨང་དང་པོ་འཐོབ་མཁན་གྱི་སློབ་གྲོགས་སྐལ་བཟང་བཀྲ་ཤིས་སོགས་ཀྱིས་བཀྲ་ཤིས་པའི་རྡུང་ལེན་སྙན་མོ་རེ་རེས་མཆོད་པ་ཕུལ་ཞིང་། དགེ་སློབ་ཡོངས་ཀྱིས་སྤྲོ་དགའི་ངང་གླེང་མོལ་སྣ་ཚོགས་བྱས།  མཇུག་ཏུ་སློབ་དཔོན་མཆོག་གི་སྐུ་ཚེ་མི་ཤིགས་རྡོ་རྗེའི་གཤིས་སུ་གྲུབ་པའི་རྟེན་འབྲེལ་དུ་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་བརྙན་གཙོས་པའི་སྐུ་གསུང་ཐུགས་རྟེན་ཕུལ་ཏེ་སློབ་དཔོན་མཆོག་གི་གལ་ཆེའི་གསུང་བཤད་དང་མཉམ་དུ་དགོང་ཟས་རོལ་རྗེས་སློབ་དཔོན་ཚང་སྐྱེལ་མ་དང་བཅས་ད་ལོའི་རྨ་ཆུའི་ཐོན་མིའི་སློབ་ཚོགས་ཀྱི་ཤིང་སློང་མགོ་བཀྲ་ཤིས་པ་དང་མཇུག་ཕུན་སུམ་ཚོགས་པའི་ངང་བསྡུས། 

སྤྱི་ལོ་༢༠༢༣ལོའི་ཟླ་༧ཚེས་༡༥ཉིན།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-07-29 ལྟ་ཀློག (1794)