འཛམ་གླིང་དངུལ་བྲིས་ཆེན་མོ།


འཛམ་གླིང་དངུལ་བྲིས་ཆེན་མོ། 

དགེ་བཤེས་གླིང་བ་དགེ་འདུན་མཆོག་གྲུབ་ལགས་ཀྱིས་རྒྱུ་འབྱོར་གྱི་ཡོན་སྦྱར་ཞིང་རྭ་རྒྱའི་སློབ་མ་ཡིག་མཁན་ལྷུན་གྲུབ་རྒྱ་མཚོས་འབྲི་བཞེངས་ཀྱི་འགན་ཆ་ཚང་ཁུར་ནས་ཡིག་འབྲི་བ་མི་ལྔ་དང་། ཤོག་ལས་དང་དངུལ་འདུལ་མཁན་ལ་མི་གཉིས། ལྷ་བཟོ་གཉིས། ཐིག་རྒྱག་མཁན་གཅིག་བཅས་ཁྱོན་མི་བཅུ་ཡིས་ངོ་ལོ་ཧྲིལ་བོ་གཉིས་ཀྱི་རིང་ལ་འབད་བརྩོན་ལྷོད་མེད་བྱས་ཏེ་རྗེ་བླ་མ་བློ་བཟང་གྲགས་པས་མཛད་པའི་༼དྲང་ངེས་ལེགས་བཤད་སྙིང་པོ་དང་རིམ་ལྔ་གསལ་སྒྲོན། གསང་འདུས་རྩ་རྒྱུད། མཐའ་དཔྱོད་མྱུ་གུ༽སོགས་བོད་ཤོག་སྤུས་ལེགས་སྟེང་དུ་དངུལ་བྱེ་དག་མས་ཡིག་འབྲུ་རེ་རེ་བཞིན་དེང་རབས་འཕྲུལ་ཆས་ལས་ཐོན་པ་ལྟར་དག་སྙོམས་མཛེས་གསུམ་གྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་གླེགས་བམ་ཆེན་མོའི་ཡི་གེའི་གཟུགས་སུ་བཞེངས།


༢༠༢༣.༧.༢༡ཉིན་འཛམ་གླིང་གི་ཆེས་ཆེ་བའི་དངུལ་བྲིས་ཆེན་མོའི་ཟིན་ཐོར་ཚུད་དེ། མཚོ་སྔོན་རྨ་ལྷོའི་རེབ་གོང་གློག་བརྙན་ཟློས་གར་གླིང་གི་ཚོམས་ཆེན་དུ་བླ་སྤྲུལ་དགེ་བཤེས་དང་། དགེ་རྒན་ཆེན་མོ་སོགས་རྒྱལ་ཕྱི་ནང་ནས་ཕེབས་པའི་སྐུ་མགྲོན་བརྒྱ་ཕྲག་མང་པོའི་དབུས་སུ་འཛམ་གླིང་ཟིན་ཐོ་གསོ་སྐྱོང་བས་དངོས་སུ་ཚོགས་འདུའི་མགོ་འཛིན་བྱས་ཏེ་དངུལ་བྲིས་འདི་ཉིད་འཛམ་གླིང་གི་ཆེས་ཆེ་བའི་དངུལ་བྲིས་གླེགས་བམ་ཡིན་པའི་དཔང་ཡིག་གནང་།

དགེ་བཤེས་ཁོང་གི་དངོས་སློབ་ཨ་ཁུ་དཔལ་ལྡན་དང་ཡིག་མཁན་ལྷུན་གྲུབ་རྒྱ་མཚོ་གཉིས་གཙོ་བོ་བྱས་ཏེ་གླེགས་བམ་ཆེན་མོའི་ཞལ་ཕྱེས་ཤིང་ངོ་མཚར་བའི་ཡིག་འབྲུ་རེ་རེས་ཚོགས་ཞུགས་སྐུ་མགྲོན་ཡོངས་ཀྱི་ཡིད་ཀྱི་བསྟན་པ་དབང་མེད་འཕྲོགས་ཏེ་དགའ་བསུའི་ཐལ་སྒྲས་ཚོམས་ཆེན་བཀང་།

མཛད་སྒོ་གྲོལ་རྗེས་སྨད་པ་སྤེན་དཀར་ཐང་གི་རྗེ་བཀྲ་ཤིས་དོ་ཁ་མའི་ལྷ་ཁང་ཙོང་ཁ་སྤྲུལ་བའི་ལྡིང་ཁང་དུ་དད་ལྡན་སེར་སྐྱ་བརྒྱ་ཕྲག་མང་པོས་རྗེ་བླ་མའི་གསོལ་འདེབས་དམིགས་བརྩེ་མ་སོགས་དབྱངས་སུ་གྱེར་ནས་འཛམ་གླིང་དངུལ་བྲིས་ཆེན་མོ་གདན་འདྲེན་ཞུས།

དགེ་བཤེས་དགེ་འདུན་མཆོག་གྲུབ་ལགས་ཀྱིས་ཡིག་མཁན་ལྷུན་གྲུབ་རྒྱ་མཚོར་བསྟོད་པའི་སྙན་ཚིག་འདི་འདྲ་ཞིག་ཀྱང་གནང་། 
སྟོབས་བཅུ་མངའ་བ་ཀུན་མཁྱེན་རྒྱལ་བ་ཡི། །
ཟབ་གསང་སྙིང་གི་བདུད་རྩི་དམ་པའི་ཆོས། །
ཡི་གེའི་རིས་སུ་ཕབ་པའི་སོར་མོའི་རྩལ། །
ཚངས་པའི་བློ་ལས་འགོངས་འདི་སུ་ཞིག་བསྙོན། །


དགེ་བཤེས་ཁོང་ཡིག་འབྲི་བ་རྣམས་དང་མཉམ་དུ་སྤྲོ་འཆམ་ཡུལ་སྐོར་ལ་ཕེབས་པའི་དྲན་རྟེན་འདྲ་པར་ཞིག






རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-07-22 ལྟ་ཀློག (3411)