སློབ་གླིང་གསར་འགྱུར། ༢༠༢༣ལོའི་སྙན་ངག་གྱེར་འདོན་འགྲན་སྡུར་ཆེན་མོ།


སྙན་ངག་གྱེར་འདོན་དབྱངས་ཅན་མགྲིན་སྒྲ་སྐབས་བཅུ་བཞི་བ་སྤེལ།  

2023/6/23

  ངེད་སློབ་གླིང་གི་ལོ་རེའི་འཆར་ཅན་གྱི་སྙན་ངག་གྱེར་འདོན་འགྲན་སྡུར་དབྱངས་ཅན་མགྲིན་སྒྲ་ཞེས་པ་སྐབས་བཅུ་བཞི་བ་དངོས་སུ་སྤེལ། ཐེངས་འདིར་སློབ་གླིང་གི་འཛིན་གྲྭ་སོ་སོ་ནས་འགྲན་ཞུགས་པ་གཉིས་རེ་བདམས་ཏེ་འགྲན་སྡུར་དངོས་ལ་ཞུགས་ཤིང་། བྱ་འགུལ་སྟེང་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་གིས་ཐེངས་འདིའི་འགྲན་སྡུར་ལ་སྤྱི་སྡོམ་གནང་། ཁོང་གིས་སྙན་ངག་གྱེར་འདོན་སྐབས་སྐད་ཀྱི་གདངས་དང་ལུས་ཀྱི་ཉམས་སོགས་སྙན་ངག་རང་གི་ནང་དོན་ལྟར་ཐོན་དགོས་ཚུལ་ལས་འཕྲོས་ཏེ། ད་ལྟའི་ཆར་བོད་ཀྱི་སྤྱི་ཚོགས་སུ་བོད་སྐད་དག་མོ་བཤད་ཤེས་པའི་བྱིས་པ་ཇེ་ཉུང་དུ་འགྲོ་བཞིན་པའི་ཚུལ། སློབ་གླིང་གི་ཁྱད་ཆོས་གཙོ་བོ་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་འདི་དང་འདི་ལྟ་བུའི་བྱ་འགུལ་ལ་དོ་སྣང་ཆེན་པོ་བྱ་དགོས་ཚུལ་གྱི་སྐུལ་མ་གནང་ཞིང་། བསྟུད་མར་ལོ་གསུམ་ལ་བྱ་འགུལ་གྱི་སྦྱིན་བདག་གནང་མཁན་ཤེས་རིག་དཔར་ཁང་གི་གཙང་རྡོ་དང་དོན་གྲུབ་གཉིས་ལ་བསྔགས་བརྗོད་གནང་། མཇུག་ཏུ་སློབ་སྟོན་ཁང་གི་གཙོ་འགན་པ་དགེ་རྒན་གྱི་ལིང་འཇིགས་མེད་ཀྱིས་ཐེངས་འདིའི་བྱ་འགུལ་དང་བསྟུན་ཏེ་དམ་བཅའ་ཆེན་མོའི་སྤྱི་སྡོམ་གྱི་བྱ་དགའ་དང་། རྨང་གཞིའི་སྡེ་ཁག་གི་ལོ་གཅིག་གི་ལས་བྱའི་བྱ་དགའ་སོགས་གནང་བཞིན་པ་འདི་ཧ་ཅང་དོན་སྙིང་ཆེ་ཚུལ་དང་། སློབ་གླིང་རང་གི་སྦྱང་བྱ་གཙོ་བོ་དག་ལ་འབད་པ་བྱས་ཏེ་གཞན་དང་འདྲ་བ་ཞིག་ཏུ་འབད་རྒྱུ་མ་ཡིན་པར་གཞན་དང་མི་འདྲ་བ་ཞིག་ལ་འབད་དགོས་ཚུལ་བཤད་དེ་བྱ་འགུལ་ཡོངས་སུ་མཇུག་བསྡུས། 

ཐེངས་འདིའི་བྱ་དགའི་རིམ་པ། 

ཨང་དང་བོ། བློ་བཟང་གྲགས་པ། མཐོ་གཉིས་གཉིས་པ། 

ཨང་གཉིས་པ། གནམ་མགོན་ཐར། མཐར་ཕྱིན་གཉིས་པ། ཁོན་ཐར་རྒྱལ། མཐོ་གཉིས་དང་བོ། 

ཨང་གསུམ་པ། བློ་བཟང་ཚེ་རིང་། མཐར་ཕྱིན་གཉིས་པ། བསོད་ནམས་གྲགས་པ། མཐོ་གཉིས་གཉིས་པ། ཕུན་ཚོགས་དབང་རྒྱལ། དམའ་གཉིས། 

རྟིང་སྐུལ། དམེ་གཡང་རྟེན། མཐར་ཕྱིན་དང་བོ། རིག་འཛིན་སྐྱབས། མཐོ་གཉིས་དང་བོ། ཏིང་འཛིན་བཀྲ་ཤིས།མཐོ་གཅིག་གཉིས་པ།པདྨ་ཡག འབྲིང་གཉིས།

ལོ་གཅིག་གི་དམ་བཅའི་ཁྲོད་མཐར་ཕྱིན་དང་བོ་ལ་ཕུལ་བྱུང་བྱ་དགའ་ཐོབ། 

དེ་བཞིན་རྨང་གཞིའི་སྡེ་ཁག་གི་སློབ་མ་འབུར་དུ་ཐོན་པ་མང་བོར་ལས་བྱ་བྲིས་པ་བཟང་བའི་བྱ་དགའ་བཅས་གནང་། 














རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-06-24 ལྟ་ཀློག (1008)