​སློབ་གླིང་གསར་འགྱུར། གློག་བརྙན་འགྲེམ་སྟོན།

སློབ་གླིང་གསར་འགྱུར། 

2023/6/19

ངེད་སློབ་གླིང་གིས་ལོ་རེའི་འཆར་ཅན་ལྟར་ཐོན་མིའི་རིག་གནས་གློག་བརྙན་འགྲེམ་སྟོན་གྱི་བྱ་འགུལ་སྤེལ། རང་སློབ་གླིང་གི་གློག་བརྙན་འཕྲིན་ཆེད་སྦྱོང་འཛིན་གྲྭའི་དགེ་སློབ་ཐུན་མོང་གིས་མི་ལོ་དུ་མར་འབད་པ་བྱས་པའི་གྲུབ་འབྲས་ལ་སློབ་མ་མང་བོ་ཞིག་གིས་གློག་བརྙན་བརྩམས་ཆོས་ཁྱད་པར་བ་རེ་འགྲུབ་ཡོད་ལ། སློབ་གླིང་རང་གི་དགེ་རྒན་དང་སྤྱི་ཚོགས་ཁྲོད་ཀྱི་གློག་བརྙན་ལས་རིགས་གཉེར་བའི་ཆེད་མཁས་པ་སོགས་མང་བོས་སྔ་ཕྱིར་བརྩམས་ཆོས་རྣམས་ལ་བལྟས་རྗེས་ཨང་རིམ་བཀར། 

ད་ལོའི་གློག་བརྙན་བརྩམས་ཆོས་ལས་སློབ་བུ་ཀརྨ་ཚེ་བརྟན་གྱི་ཨ་ཁུ་ཚང་གི་ལོ་སར་ལ་ཨང་དང་བོ་དང་། བློ་གྲོས་ཡར་འཕེལ་གྱི་སྲུང་འཁོར་ལ་ཨང་གཉིས་པ། བསོད་ནམས་འབྱུང་གནས་ཀྱི་མཐོ་སྒང་གི་རྐང་རྩལ་ལ་ཨང་གསུམ་པ་བཅས་ཀྱི་བྱ་དགའ་ཐོབ། དེ་བཞིན་སློབ་བུ་སྙིང་བོ་རྒྱལ་གྱི་སྐྱས་འདེགས་པ་ལ་ཕུལ་བྱུང་བརྙན་ལེན་པའི་བྱ་དགའ་དང་། འཇམ་དབྱངས་ཀུན་དགའི་ནས་ཞིང་ལ་ཕུལ་བྱུང་གཏམ་རྒྱུད། གཡང་རྟེན་གྱི་ཆུ་ཐིགས་དཀར་བོ་ལ་ཕུལ་བྱུང་སྒྲིག་སྦྱོར་བ་བཅས་ཀྱི་བྱ་དགའ་ཐོབ། གཞན་ཡང་སློབ་བུ་ཀརྨ་ཚེ་བརྟན་དང་སྙིང་བོ་རྒྱལ་གཉིས་ལ་བསྟུད་མར་ལོ་གསུམ་གྱི་རིང་ལ་བརྩམས་ཆོས་གློག་བརྙན་འགྲེམ་སྟོན་དུ་ཚུད་པའི་བྱ་དགའ་བཅས་ཐོབ་པར་མ་ཟད། བཀྲ་ཤིས་ཉི་མ་དང་། ནམ་མཁའི་སྙིང་བོ། བསྟན་འཛིན་འཇམ་དབྱངས་སོགས་སློབ་བུ་བཅུ་ལ་བརྩམས་ཆོས་འགྲེམ་སྟོན་དུ་ཚུད་པའི་གཟེངས་རྟགས་སྤྲད། 

    མཚན་མོར་སླར་ཡང་གླིང་སྟོད་ཀྱི་སྤང་ལྗོངས་སུ་གློག་བརྙན་བསྟན་ཅིང་། དེར་རང་སློབ་གླིང་གི་གློག་བརྙན་ཆེད་སྦྱོང་མ་ཡིན་པའི་སློབ་བུ་ཚེ་རིང་ཐར་གྱི་སྲན་མ་བསྡུ་བ་དང་། ཡུན་ནན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་འགོ་གཙོ་རྒན་པ་ཀོ་ཅིན་ལགས་ཀྱི་ཁ་བ་དཀར་བོའི་གླུ་སྐད། དཔྲ་ཁྱུང་ཡེ་ཤེས་གྲགས་པའི་འཚེར་སྐད་བཅས་བསྟན་པར་སློབ་མ་ཚང་མ་སེམས་འགུལ་ཟབ་མོ་དང་བཅས་དགའ་བསུ་ཚད་མེད་ཞུས་སོ། །










གསར་འགོད་པ།  གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-06-20 ལྟ་ཀློག (1411)