ཡིག་མཁན་ལྷུན་གྲུབ་རྒྱ་མཚོས་མ་ཡུམ་སློབ་གླིང་དུ་ཡིག་གཟུགས་འགྲེམ་སྟོན་གནང་།

ལྷུན་གྲུབ་རྒྱ་མཚོ། རྔ་བ་ཁུལ་རྔ་བ་རྫོང་གི་མི་ཡིན། 2009ལོ་ནས་2013ལོའི་བར་མི་ལོ་ལྔ་ཡི་རིང་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས།

སློབ་གླིང་སྤྱིའི་གསེར་སྨྱུག་རྟགས་མའི་རྩོམ་རིགས་བྱ་དགའ་སོགས་འབྲས་ལེགས་སློབ་མའི་གཟེངས་རྟགས་མང་པོ་ཐོབ། 

ཆུང་བའི་སྐབས་ནས་བོད་ཀྱི་ཡིག་གཟུགས་ལ་སློབ་སྦྱོང་བྱེད་པའི་འདུན་པ་ཟབ། ལྷག་པར་དུ་མཚོ་སྔོན་གྱི་ཡིག་གཟུགས་དགེ་རྒན་ཁོ་ལེ་དང་ལྷ་སའི་པོ་ཏ་ལ་རུ་བཞུགས་པའི་དགེ་རྒན་སྙེ་འཕྲིན་ལས་རྒྱལ་མཚན། གཙང་བཀྲ་ཤིས་ལྷུན་པོའི་དགེ་རྒན་ལྷ་ཁང་བློ་བཟང་རྡོ་རྗེ། ཆབ་མདོ་སྟེང་ཆེན་རྫོང་གི་དགེ་རྒན་ཆུང་རྒྱུད་ཚེ་དབང་མཐར་ཕྱིན། ཀན་ལྷོ་གཙོས་གྲོང་ཁྱེར་གྱི་དགེ་རྒན་རྡོར་བྷ་སོགས་ཀྱི་མདུན་དུ་དངོས་སུ་ཕྱིན་ཏེ་བོད་ཀྱི་ཡིག་གཟུགས་སྣ་མང་ལ་བརྩོན་པ་ཆེན་པོས་སློབ་སྦྱོང་བྱས།2017ལོ་ནས་མཚོ་སྔོན་དང་ཁམས་ལི་ཐིང་། སི་ཁྲོན་ཁྲིན་འདུ་སོགས་སུ་སློབ་མ་མང་པོར་བོད་ཡིག་ཡིག་གཟུགས་སློབ་ཁྲིད་བྱས།  

2019ལོ་ནས་སི་ཁྲོན་ཁྲིན་འདུ་གྲོང་ཁྱེར་དུ་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དང་གསེར་བྲིས་དང་དངུལ་བྲིས་སོགས་ཀྱི་ལས་དོན་ལ་མཐའ་གཅིག་ཏུ་གཞོལ་ཏེ་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དང་གསེར་བྲིས་དར་སྤེལ་བྱ་བར་འབད།

ལས་ཞོར་དུ་ཡིག་གཟུགས་དང་འབྲེལ་བའི་འགྲན་སྡུར་དང་འགྲེམ་སྟོན། སྤྱི་སྒེར་གང་རུང་གིས་གྲུབ་པའི་བྱེད་སྒོ་ཆེ་ཆུང་མང་པོར་ཞུགས། 2019ལོར་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་དང་ཡིག་བསྒྱུར་ཅུས་ཀྱིས་གཙོ་སྒྲུབ་བྱས་པའི་ཡིག་གཟུགས་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། རྔ་བ་རྫོང་ཡིག་གཟུགས་རྒྱུན་འཛིན་པའི་དཔང་ཡིག་ཐོབ། 

2020རྔ་བ་ཁུལ་ཡིག་གཟུགས་རྒྱུན་འཛིན་པའི་དཔང་ཡིག་ཐོབ། རྔ་བ་དང་ཁྱུང་མཆུ། མཛོད་དགེ་རྫོང་སོགས་ཀྱི་བོད་ཡིག་སློབ་འབྲིང་རྣམས་ནས་མི་སྒེར་ཡིག་གཟུགས་འགྲེམ་སྟོན་བྱས། 

སྔ་གཞུག་ཏུ་ཨ་མདོ་བརྙན་འཕྲིན་ཁང་དང་མཚོ་སྔོན་རླུང་འཕྲིན་ཁང་དང་རྔ་བ་ཁུལ་བརྙན་འཕྲིན་ཁང་། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲྭ་བ་སོགས་སུ་ཡིག་གཟུགས་ཀྱི་སློབ་ཁྲིད་དང་ཡིག་གཟུགས་དང་འབྲེལ་བའི་ལེའུ་ཚན་བསྒྲུབས།

2021ལོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་༢༠༢༣ལོའི་སྤྱི་ཟླ་༤ཚེས༣༠ཉིན་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་མཛད་སྒོ་བསྡུས་ཤིང་། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་སློབ་མའི་ཡིག་གཟུགས་བརྩམས་ཆོས་ལས་འཕྲོས་ཏེ་ཡིག་གཟུགས་དུས་ཆེན་གྱི་དགེ་མཚན་དང་། དམིགས་བསལ་སློབ་གླིང་རང་གི་མཐར་ཕྱིན་སློབ་མ་ཡིག་མཁན་ལྷུན་གྲུབ་རྒྱ་མཚོ་ངོ་སྤྲོད་དང་ཁོའི་གྲུབ་འབྲས་ལ་བསྟོད་བསྔགས་གནང་། 



སློབ་གླིང་རང་གིས་ཀྱང་ལོ་ལྟར་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་ཐོན་མིའི་རིག་གནས་བརྗེ་རེས་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་འགན་བླངས་ཏེ་ཡིག་གཟུགས་ཐོན་མིའི་ཕྱག་རྒྱུན་འགྲེམ་སྟོན་མཛད་སྒོ་སྤེལ་བཞིན་པ་ལྟར་སློབ་མའི་ཡིག་གཟུགས་བརྩམས་ཆོས་ལས་འབུར་དུ་ཐོན་པ་རྣམས་ལ་བྱ་དགའི་བདག་རྐྱེན་གནང་། 

ཡིག་མཁན་ལྷུན་གྲུབ་རྒྱ་མཚོས་འགྲེམ་སྟོན་གྱི་ནང་དོན་ངོ་སྤྲོད་དང་སྒོས་སུ་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ནས་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་ལ་དམིགས་བསལ་ཁ་པར་བཏང་ནས་ཁྱེད་ཀྱི་སློབ་མ་ལྷུན་གྲུབ་རྒྱ་མཚོའི་བྲིས་རྩལ་བཟང་ལ་ཡིག་རྒྱུན་དག་ཅེས་བསྔགས་བརྗོད་དང་བཅས་ངོ་སྤྲོད་གནང་མྱོང་བ་སོགས་ཀྱིས་བསྐུལ་མ་ལ་བརྟེན་ནས་རང་གི་ཡིག་གཟུགས་ཤིག་མ་ཡུམ་སློབ་གླིང་འདི་ནས་འགྲེམ་སྟོན་བྱེད་བསམ་པ་ཡིན་ལ་མ་ཡུམ་སློབ་གླིང་གིས་ཀྱང་རང་གི་འདོད་པ་བཞིན་གོ་སྐབས་འདི་གནང་བར་ཐུགས་རྗེ་ཆེ་ཞེས་གཏམ་བཤད་གནང་ཞིང་དྲིན་གཟོའི་ཕྱག་རྟགས་སུ་ལྷད་མེད་གསེར་དངུལ་གྱིས་བཞེངས་པའི་མ་ཡུམ་སློབ་གྲྭའི་མཚན་བྱང་ལྟ་བའི་ཆོག་མི་ཤེས་ཤིག་སློབ་གྲྭར་ལེགས་སྐྱེས་སུ་ཕུལ།







རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-05-02 ལྟ་ཀློག (3528)