ངེས་ཤེས་ཆིག་བརྒྱ་མ། ཁག་བཅུ་བ། ལྡོང་ཡོན་ཏན་རྒྱ་མཚོ།

ངེས་ཤེས་ཆིག་བརྒྱ་མ། 

ལྡོང་ཡོན་ཏན་རྒྱ་མཚོ། 

༩༡

   ཚད་རིམ་དང་གཏིང་ཟབ་མིན་མི་འདྲ་མོད། ལྟ་གྲུབ་ཡོད་པའི་ཆོས་ལུགས་གང་ཡིན་ཡང་། ངོ་མཚར་བའི་རྣམ་དཔྱོད་དང་ཉམས་ཞིབ་ལས་འཁྲུངས་པ་ཤ་སྟག་ཡིན།  
 ༩༢
    ཆོས་ལ་དད་པ་ཡོད་པ་དང་ཆོས་ལ་དོ་སྣང་བྱས་པ་གཉིས་ཐ་དད་ཡིན་ལ། ཆོས་ལ་ཐོས་བསམ་བྱས་པ་དང་ཆོས་ལ་རྒྱུས་ལོན་བྱས་པ་གཉིས་ཀྱང་སོ་སོ་ཡིན། ད་སྐབས་ཆོས་ལ་རྒྱུས་ལོན་བྱས་ཏེ་ཚོར་སྣང་འཚོལ་དགོས་ཟེར་མཁན་ཡང་ཡོད།  
 ༩༣
    འགྲོ་བ་མིར་ལུས་ཚོར་ལ་བརྟེན་པའི་བདེ་སྡུག་ཅིག་དང་སེམས་ཚོར་ལ་བརྟེན་པའི་བདེ་སྡུག་ཅིག་སྟེ་རིགས་གཉིས་ཡོད་མོད། སེམས་ཚོར་གྱི་བདེ་སྡུག་ཉིད་གཙོ་བོ་ཡིན། སེམས་དགའ་ན་ལུས་ཀྱི་དཀའ་ངལ་མང་བོ་ཞིག་ཟིལ་གྱིས་གནོན་ཐུབ་ཅིང་། སེམས་མ་སྐྱིད་ན་ལུས་ཀྱི་བདེ་ཚོར་ཙམ་གྱིས་འགྱུར་བ་ཆེན་པོ་གཏོང་མི་ཐུབ། 
 ༩༤
     མི་ལ་བསམ་གཞིག་གཏོང་བའི་ནུས་པ་ཡོད་པ་ནི་དགའ་འོས་པ་ཞིག་ཡིན་མོད། བསམ་གཞིག་གཏོང་སྟངས་ཁག་ཅིག་གིས་དགོས་མེད་ཀྱི་རེ་དོགས་སྣ་ཚོགས་བསྐྱེད་དེ། རྟག་པར་རང་གཞན་གཉིས་ཀར་དཀའ་ཉོག་དང་སུན་པོ་བཟོ་བཞིན་ཡོད། དེའི་ཕྱིར། ཅིས་ཀྱང་གལ་ཆེ་བ་ནི་བླང་དོར་དབྱེ་འབྱེད་ཀྱི་བློ་གྲོས་ཤིག་ཡོད་དགོས་སོ།།
  ༩༥
      ཡུལ་དུས་གནས་སྐབས་གང་དུའང་མདུན་རྒྱབ་དང་གཡས་གཡོན་སོགས་ལ་ཞིབ་བལྟ་བྱེད་རྒྱུ་གལ་ཆེ་སྟེ།  རྒུད་པའི་དོང་དང་སྡིག་པའི་གྲོགས།  ཕྲག་དོག་གི་ཚེར་མ་དང་གཡོ་སྒྱུའི་ལམ་སོགས་གར་ཡོད་མི་ཤེས་པས་སོ།།
 ༩༦
    ནང་བའི་རྟེན་འབྲེལ་གྱི་རིག་པའམ་རྟེན་འབྱུང་གི་ལྟ་གྲུབ་འདི་ཆོས་ལུགས་གཞན་སུས་ཀྱང་འཆད་མྱོང་མེད།  ཐུན་མིན་གྱི་རིགས་ལམ་འདིས་འཁོར་འདས་ཀྱི་ཆོས་མཐའ་དག་ལེགས་པར་གཏན་ལ་དབབ་ཐུབ་ཀྱིན་ཡོད། 
 ༩༧
      ངས་མཚམས་རེར་ཀུ་རེའི་ཚུལ་དུ། ཀློག་པ་བོ་རྣམས་ནི་བརྩམས་ཆོས་དག་ལ་བཟང་ངན་དབྱེ་འབྱེད་ཀྱི་ཁྲིམས་གཅོད་པ་རེད་ཟེར་གྱིན་ཡོད། དེ་བཞིན་དུ་ཉན་མཁན་ཚོས་ཀྱང་འཆད་ཁྲིད་པ་དག་ནམ་རྒྱུན་རྒྱ་མར་གཞལ་གྱིན་འདུག་སྟེ། ད་ཐེངས་ཁྱོད་ཀྱིས་བཤད་པ་འགྲིག་འདུག  སྐད་ཆ་དེར་གནས་ལུགས་མེད་གི། ཁྱོད་ཀྱི་བཤད་ཕྱོགས་ལ་བལྟས་ན་དམིགས་ཡུལ་གཞན་ཞིག་ཡོད་པ་མིན་ནམ་སོགས་ཚད་མཐོན་པོར་བཞུགས་ཏེ་ཚ་འདྲིའམ་དོགས་འདྲི་བྱེད་མཁན་གྱི་ཉན་མཁན་ཡང་མང་ཙམ་གདའ། 
 ༩༨
   ལུང་གི་བསྟན་པ་ནི་ཐོས་བསམ་འཆད་ཉན་བྱས་ཏེ་འཛིན་དགོས་པ་ཞིག་དང་། རྟོགས་པའི་བསྟན་པ་ནི་སྒྲུབ་པ་ཉམས་ལེན་བྱས་ཏེ་འཛིན་དགོས་པ་ཞིག་གོ།།
 ༩༩
  ང་ཚོས་ནམ་རྒྱུན་ཁ་ཕར་ལ་ཕྱོགས་ཏེ།  དེས་ཕྲག་དོག་བྱས་སོང་། བར་ཆད་བརྩམས་སོང་། འགལ་རྐྱེན་བཟོས་སོང་སོགས་མང་བོ་ཞིག་བརྗོད་མོད། རང་ཉིད་ཀྱི་གདོང་ལ་མཛུབ་མོ་བཙུགས་ཏེ། ཁྱོད་འཆུག་སོང་། ཁྱོད་ནོར་འདུག   དཀའ་ལས་ག་འདྲ་བྱུང་ཡང་ཧུར་བརྩོན་བྱེད་དགོས། བཟོད་སྒོམ་དང་བསམ་ཤེས་བྱེད་དགོས་ཞེས་རང་ཉིད་སྒྱུར་བཅོས་མི་བྱེད་ཅིང་རང་ལ་སློབ་གསོ་མི་གཏོང་བ་ནི་སྐྱོན་ཆ་ཆེན་པོ་ཞིག་ཡིན།   
 ༡༠༠
    ལོ་ཟླ་ཞག་དུས་མང་བོ་ཆུ་བཞིན་བཞུར་སོང་། གྲོགས་དང་ན་ཟླ་ཕལ་ཆེར་འབྲོང་བཞིན་གཤར་སོང་། ང་གཅིག་བུ་རྟག་བརྟན་རྡོ་རྗེའི་རང་བཞིན་དུ་སྡོད་དབང་ཞིག་ག་ན་ཡོད་ཨང་།
  ༡༠༡
      ཆོས་ཟེར་བ་སྡུག་བསྔལ་སེལ་ཞིང་བདེ་བར་འགོད་བྱེད་ཅིག་ཡིན་དགོས་པ་ལས། དཀའ་ཉོག་སློང་ཞིང་ཆགས་སྡང་རྩོད་བྱེད་ཅིག་ཡིན་མི་རུང་ངོ་།།
 ༡༠༢
    དཔྱད་ཤེས་ན་སྣོད་བཅུད་མཐའ་དག་གིས་བདེན་ལུགས་དང་ཆོས་ཉིད་ཅིག་སྟོན་གྱིན་ཡོད་ལ། ཀློག་ཤེས་ན་ཡིག་འབྲུ་རེ་རེས་ཀྱང་ཟད་མཐའ་མེད་པའི་གདམས་ངག་སྩོལ་ཆོག  
 ༡༠༣

   གསལ་རིག་སེམས་ཀྱི་དཔལ་སྟོབས་ནི་ཟད་མཐའ་མེད་པའི་བང་མཛོད་ཅིག་སྟེ། ཅི་ཙམ་སྔོག་འདོན་བྱེད་ཐུབ་ན་དེ་ཙམ་གྱིས་དགོས་ནོར་བུ་ལོན་ཐུབ།  

སྤྱི་ལོ་༢༠༢༣-༤-༢༥ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དབུས་མི་འགྱུར་རབ་བརྟན་གླིང་དུ་སྦྱར།

རྫོགས་སོ།། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-05-01 ལྟ་ཀློག (1956)