ངེས་ཤེས་ཆིག་བརྒྱ་མ། ཁག་བདུན་པ། ལྡོང་ཡོན་ཏན་རྒྱ་མཚོ།


ངེས་ཤེས་ཆིག་བརྒྱ་མ། 

ལྡོང་ཡོན་ཏན་རྒྱ་མཚོ། 

   ༦༡

   གྲོགས་པོ་མང་བོ་ཡོད་ན་མདུན་ལམ་ཡོད་ཅིང་ལེགས་གྲུབ་བྱུང་བ་མ་ཡིན་པར།  མདུན་ལམ་ཅན་དང་བྱ་བ་ལམ་འགྲོ་ཅན་ལ་གྲོགས་པོ་མང་བོས་རང་འཁོར་བརྒྱབ་ཡོང་བ་རེད།
  ༦༢
    བོད་ཀྱི་དགོན་སྡེ་ཕལ་ཆེར་དུ། རང་རང་གི་ཆོས་བརྒྱུད་གྲུབ་མཐའ་སྲོལ་འབྱེད་པ་བོ་སོགས་ཀྱི་སྐུ་བརྙན་དང་ཐང་ག་གཙོ་བོར་བྱས་ཏེ་བཞེངས་པ་ལས། སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་འདྲ་གཙོ་བོར་མི་བྱེད་པ། གལ་ཏེ་བཞེངས་ན་ཡང་ཆུང་ཆུང་ཡིན་པ། བཞུགས་ས་ཡང་གུད་དང་ཟུར་སོགས་སུ་བྱེད་པ་དེས་ཅི་ཞིག་གོ་ལྡོག་པའི་སྣང་ཚུལ་ཞིག་མི་སྟེར་རམ།  
  ༦༣
     ལོངས་སྐུའི་ཆ་བྱད་ཅན་ནམ་ཁྱིམ་པའི་ཆ་བྱད་ཅན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འདྲ་སྐུ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་ཆ་འབུལ་འོས་པ་ལས། སྤྲུལ་སྐུའི་ཆ་བྱད་ཅན་དང་དགེ་སློང་གི་ཆ་བྱད་ཅན་དག་ལ་ནི་མ་ཡིན་ནོ།།
 ༦༤
    རང་ཉིད་འཕེལ་རྒྱས་སུ་སོང་མིན་རང་གི་འདས་དོན་ལ་བལྟས་ན་གསལ་བོར་ཤེས་ཡོང་བས། ནམ་རྒྱུན་གཞན་ཞིག་དང་གཤིབ་བསྡུར་བྱེད་དགོས་མེད། 
  ༦༥
   ཕྱུག་པོའི་ཚད་འདི་ཡིན་ཞེས་དངུལ་གྲངས་དང་རྒྱུ་ནོམ་སོགས་ཀྱིས་འཇོག་དཀའ་ཡང་།  རང་སེམས་ལ་བཅོས་མིན་གྱི་ཆོག་ཤེས་ཤིག་སྐྱེས་ཚེ་ཁྱོད་ཕྱུག་པོར་གྱུར་བའོ།།
  ༦༦
    འཛམ་གླིང་གི་ཆེད་སྦྱོང་ལུས་རྩལ་བ་ལ་ལར། ལོ་གཅིག་རེར་ཨ་སྒོར་ས་ཡ་ཁ་ཤས་ཀྱི་ཟླ་ཕོག་ཡོད་མོད། ད་དུང་ཡིད་མ་ཚིམ་པར་ཅི་ཞིག་ལ་འཁང་ར་བརྩི་ཞིང་འགྲམ་ཆུ་ལྡང་བཞིན་པ་དེས། ང་འདོད་སྲེད་ཅེས་པ་དེར་སེམས་གཏིང་ནས་སྐྲག་སྣང་སྐྱེས་སོང་། 
  ༦༧
    དགོན་སྡེ་ལ་ལས། ཚོགས་ལ་མ་ཕེབས་པའམ་ཕེབས་ཀྱང་སྒྲིག་ལམ་མ་བརྩིས་པ། སྤྱོད་པ་མི་ལེགས་པའམ་ཡུལ་གཞན་དུ་སློབ་གཉེར་ལ་སོང་བ་སོགས་ལ་ཆད་པ་གཅོད་ཅིང་ཚོགས་གཏམ་གཏོང་མོད། ཁྱོད་ཀྱིས་སློབ་གཉེར་བྱེད་ཀྱིན་མི་འདུག  ཁྱོད་ལ་ཡོན་ཏན་འབྱོར་མི་འདུག་ཅེས་ཚོགས་གཏམ་ནན་མོ་ཞིག་ཀྱང་གཏོང་སྲོལ་མེད་པ་དེར་མཚར་སྣང་མི་སྐྱེའམ། 
 ༦༨
    རྩལ་སྦྱོང་བྱེད་པ་དང་ཟས་སྤྱོད་ལ་གཟབ་པ་སོགས་ཕྱི་དངོས་པོའི་བདེ་ཐང་ལ་བརྩོན་པ་བསྐྱེད་ཀྱང་། ཞེ་སྡང་གི་མགོ་གནོན་པ་དང་ཕྲག་དོག་གི་དཔུང་གཞིལ་བ། འདོད་ཆགས་ཀྱི་འཕང་སྨད་པ། གཏི་མུག་གི་རྨང་གཞོམ་པ་སོགས་ནང་གི་བདེ་ཐང་ལ་མ་འབད་ན། གཤོག་ཡ་ཆད་པའི་རྒོད་པོ་བཞིན་བདེ་སྐྱིད་ཀྱི་གནམ་འཕང་གཅོད་མི་ཐུབ།
 ༦༩
   བཤད་མ་བཤད་ལ་མ་ཉན། བསྒྲུབས་མ་བསྒྲུབ་ལ་ལྟོས།
 ༧༠

  མཐུན་རྐྱེན་དུ་གྱུར་བ་མང་བོ་ཞིག་བཀོལ་སྤྱོད་མ་ཤེས་ན་འགལ་རྐྱེན་དུ་འགྱུར་འགྲོ།

མུ་འགོད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-04-23 ལྟ་ཀློག (1923)