ངེས་ཤེས་ཆིག་བརྒྱ་མ། ཁག་ལྔ་བ། ལྡོང་ཡོན་ཏན་རྒྱ་མཚོ།


ངེས་ཤེས་ཆིག་བརྒྱ་མ། 

ལྡོང་ཡོན་ཏན་རྒྱ་མཚོ། 

༤༡

   དུས་རྒྱུན་དུ་བླ་མའི་སྐུ་ཡིད་ལ་བསྒོམས། བླ་མའི་གསུང་བརྩིས། བླ་མའི་ཐུགས་ཀྱི་རྟོགས་པ་དེ་ལྟ་བུ་ཞིག་ངའི་རྒྱུད་ལ་སྐྱེས་ན་ཅི་མ་རུང་། དེ་ལྟར་སྐྱེ་བར་ཤོག་ཅིག་ཅེས་སྨོན་ལམ་འདེབས་རྒྱུ་ནི་གལ་ཆེན་པོ་ཡིན་ཏེ།  བླ་མའི་རྣལ་འབྱོར་ཟེར་བའང་དེ་ལས་གཞན་ན་མེད་དོ།།
 ༤༢
   ངེས་དོན་གྱི། དུས་རབས་ཀྱི། མིའི་རིགས་ཀྱི། ལོ་རྒྱུས་ཀྱི། རླབས་ཆེན་གྱི། ཚེ་སྲོག་གི་སོགས་ང་ཚོར་ཐ་སྙད་ཕུན་སུམ་ཚོགས་པ་བདེན་མོད། ཐ་སྙད་དེ་ཚོ་གང་ལ་སྦྱར་ན་འོས་འཚམ་ཡིན་པ་དང་། ཅིའི་ཕྱིར་སྦྱོར་དགོས་པ་སོགས་ཡུལ་དུས་གནས་སྐབས་དག་ལའང་བསམ་གཞིག་གཏོང་མི་དགོས་པ་ག་ལ་ཡིན། སངས་རྒྱས་གསོན་པོ་དང་། བྱང་ཆུབ་སེམས་དཔའ་འཁྲུལ་མེད། རྒྱལ་བ་རྡོ་རྗེ་འཆང་། སྐྱབས་གསུམ་ཀུན་འདུས་སོགས་མཐོ་དྲགས་པའམ་ཐལ་ཆེ་བའི་མིང་ཚིག་ལ་ལས། སྐབས་འགར་ཕ་རོལ་བོར་མཐོང་ཆུང་མི་བྱེད་པའི་ངེས་པའང་མེད། 
 ༤༣
    རང་དབང་དང་འདྲ་མཉམ་དགོས་ཞེས་འུར་རྒྱག་ཐུབ་མཁན་ཚོའི་ཆེད་དུ་མང་བོ་མ་བཤད་ནའང་མི་སྐྱོན་མོད། ཁ་གྲག་མི་ཤེས་པ་དང་མི་ཕོད་མཁན་ཚོའི་ཆེད་དུ་མང་ཙམ་བཤད་ཐུབ་ན། ང་ཚོའི་ཁ་ལྕེ་ལ་ཡང་དོན་ཡོད་པར་འགྱུར་རོ།།
 ༤༤
      བོད་མི་རིགས་ཟེར་བ་འདིས། ལེ་བར་ཁྲི་ཕྲག་ལྷག་ལ་བསྲིངས་པའི་རྡོ་ཡི་འཐབ་ར་དང་། ས་ཆེན་རྡུལ་གྱིས་གནོན་པའི་རྟ་དམག   འཛུབ་མོ་འགུལ་སྟངས་གཅིག་གིས་ཡུལ་ཁམས་གཅིག་རེ་བརླག་པའི་འགད་རྫས་བཟོ་བ་སོགས་བྱེད་མ་མྱོང་བའམ་མ་ཐུབ་ཀྱང་།  སྔོན་བྱོན་མཁས་པ་ཚོའི་བརྩམས་ཆོས་མཐའ་དག་ཕྱོགས་གཅིག་ཏུ་སྤུངས་ན་རི་བོའི་གཏོས་དང་མཉམ་ཞིང་།ཤད་ཀྱིས་བརྐྱངས་ན་འཛམ་གླིང་གཡས་བསྐོར་བྱེད་ཐུབ་པ་ལྟ་བུ་འདིས།ང་རྒྱལ་སྐྱེ་ཞིང་ངོ་གནོང་མི་དགོས་པའི་མི་རིགས་ཤིག་ཡིན་པ་གསལ་བཤད་བྱས་ཡོད་སྙམ།
 ༤༥
     གནད་འགག་གི་སྐབས་ལ་ལར།ཅི་ཡང་མི་སྨྲ་བར་སྡོད་ཐུབ་མཁན་དེ་ཡང་དཔའ་བོའམ་མཁས་པའི་རིགས་ཤིག་ཏུ་བགྲང་ཆོག
 ༤༦
     ལ་རྒྱ་དང་དུང་བ་ཡོད་མདོག་གིས་ཕྱོགས་དང་རིས་སུ་གཅོད་རྒྱུ་ཅི་ཙམ་མང་ན་དེ་ཙམ་གྱིས་རང་ཕྱོགས་ཇེ་ཉུང་དང་ཁོར་ཡུག་ཇེ་ཆུང་དུ་འགྱུར་འགྲོ་བ་ཆོས་ཉིད་ཡིན། 
 ༤༧
    ཡིག་ནོར་མི་ཤོར་བའི་ཚད་ཙམ་དེ་ཡོན་ཏན་ཆེན་པོ་ཞིག་མིན་ནའང། ཡིག་ནོར་ཤོར་བ་ནི་སྐྱོན་ཆེན་པོ་ཞིག
 ༤༨
     ངའི་ལྟ་བ་དང་མི་འདྲ་བ་ཞིག་ཁོ་ལ་ཡོད་ན་ལོས་ཆོག་སྟེ། ཁོའི་ལྟ་བ་དང་མི་འདྲ་བ་ཞིག་ང་ལའང་ཡོད་པས་སོ།།འདི་གནས་དགོས་ན་གནས་མཉམ་ཡིན་ཨང་། ལྟ་བ་མཉམ་གནས་ཟེར་བ་འདི་འདྲ་ཞིག་ལ་ཟེར་རམ་ཅི།
 ༤༩
      ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས། དཔེར་ན། མི་སྣ་ཆེ་གེ་མོ་ཞིག་གི་འཁྲུངས་ལོ་དེ་དོན་དངོས་སུ་གཅིག་མ་གཏོགས་གཉིས་ཡོད་མི་སྲིད། འོན་ཀྱང་། ལོ་རྒྱུས་བཤད་པ་བོ་དང་འབྲི་བ་བོ་མང་དག་ཅིག་གིས་རང་རང་གི་བསམ་ཚུལ་དང་ལྟ་སྟངས་མི་འདྲ་བ་མང་བོ་བྲིས་པས། མཇུག་མཐར། དོན་དངོས་དེ་ཇི་བཞིན་ཤེས་དཀའ་བར་གྱུར།
 ༥༠

   མཆོག་གསུམ་ཉི་མ་ལྟ་བུ་དེར་བྱམས་བརྩེའི་འོད་ཟེར་མེད་པ་མ་ཡིན་ཡང་། རྩ་བའི་བླ་མ་མེ་ཤེལ་ལྟ་བུ་དང་མ་འཕྲད་ན་དངོས་གྲུབ་ཀྱི་མེ་དཔུང་དམར་བོ་ཞིག་འབྱུང་དཀའ་བས། རྩ་བའི་བླ་མ་སྐྱབས་གསུམ་ཀུན་འདུས་ཀྱི་བདག་ཉིད་ཡིན་པ་རིགས་པས་འགྲུབ་པོ།།

མུ་འགོད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-04-20 ལྟ་ཀློག (1512)