སློབ་གླིང་གསར་འགྱུར། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་འཆད་ཁྲིད་གནང་།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་དགེ་སློབ་ཡོངས་ལ་འཆད་ཁྲིད་གནང་། 

༢༠༢༣ལོའི་སྤྱི་ཟླ་༤ཚེས་༡༩ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་དགེ་སློབ་ཡོངས་ཀྱི་སློབ་སྦྱོང་གི་སྙིང་རུས་དང་འདུན་པ་བསྐྱེད་པ་དང་། དམ་པའི་རྣམ་ཐར་བརྗོད་ན་སློབ་སྦྱོང་གི་བར་ཆད་ཟློག་པ་སོགས་ལ་དགོངས་ནས།  ཁོང་གིས་སྒྲ་སྒྱུར་གཙུག་ལག་གླིང་དུ་༼སྔོན་བྱོན་རྒྱ་བོད་མཁས་པའི་སློབ་སྦྱོང་གི་སྙིང་སྟོབས་༽ཞེས་པའི་བརྗོད་གཞིའི་སྟེང་ནས་སློབ་གླིང་གི་དགེ་སློབ་ཡོངས་ལ་འཆད་ཁྲིད་ངོ་མཚར་བ་གནང་ཞིང་།    རྟེན་འབྲེལ་གྱི་གནད་ལ་དགོངས་ནས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དང་བོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་བཟུང་།  རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ཆོས་ཀྱི་གྲགས་དང་མཉམ་མེད་ཇོ་བོ་རྗེ་སོགས་འཕགས་ཡུལ་གྱི་པཎ་གྲུབ་དང་།  བོད་རང་གི་ཡི་གེའི་བྱེད་པོ་ཐོན་མི་སམ་བྷོ་ཊ་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། སྒྲ་བསྒྱུར་མར་བ་ལོ་ཙཱ་བ།  རྗེ་བཙུན་མི་ལ་རས་པ།  ཤོང་སྟོན་རྡོ་རྗེ་རྒྱལ་མཚན། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། ཁམས་གསུམ་བླ་མ་ཙོང་ཁ་བ་ཆེན་མོ། རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོ། ཀུན་མཁྱེན་འཇམ་དབྱངས་བཞད་པ།  ཀུན་མཁྱེན་འཇིགས་མེད་དབང་བོ། གུང་ཐང་བསྟན་པའི་སྒྲོན་མེ། རྗེ་དམུ་དགེ་བསམ་གཏན་རིན་པོ་ཆེ་སོགས་ཀྱིས་ཆོས་དང་སློབ་སྦྱོང་གི་ཆེད་དུ་ཐུགས་སྟོབས་ག་འདྲ་བསྐྱེད་ཚུལ་དང་།  འབད་པ་ཇི་ལྟར་བཞེས་ཚུལ།   སྡུག་རུས་ཇི་ལྟར་གནང་ཚུལ་སོགས་ལས་བརྩམས་ཏེ་གསུང་འཕྲོས་ངོ་མཚར་བ་མང་དུ་གནང་ཞིང་།  སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སློབ་སྦྱོང་གི་སྙིང་སྟོབས་ཀྱིས་དགེ་སློབ་ཡོངས་ལ་སྔར་མེད་སེམས་ཤུགས་བསྩལ་ནས་འཆད་ཁྲིད་མཇུག་བསྡུས་སོ།། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-04-19 ལྟ་ཀློག (2125)