ངེས་ཤེས་ཆིག་བརྒྱ་མ། ཁག་བཞི་བ། ལྡོང་ཡོན་ཏན་རྒྱ་མཚོ།


ངེས་ཤེས་ཆིག་བརྒྱ་མ། 

ལྡོང་ཡོན་ཏན་རྒྱ་མཚོ། 

 ༣༡

    གུ་ཡངས་ཆེ་ཞིང་གཞན་ལ་རོགས་རམ་བྱེད་པར་དགའ་བའི་མི་དག་གི་སེམས་ཁམས་ནི། ལྟོས་བཅས་ཀྱིས་བཤད་ན་ནམ་རྒྱུན་དགའ་ཚོར་གྱིས་ཁྱབ་ཡོད། 
 ༣༢
    གནས་སྐབས་ཀྱི་འཁྲུལ་སྣང་ཙམ་ལས། དོན་དམ་པར་དམག་འཁྲུག་ལ་རྒྱལ་ཁ་ཟེར་བ་ཞིག་མེད་དེ། གནས་སྐབས་ཕམ་པ་དང་། མཐར་ཐུག་ཕམ་པ་གཉིས་ལས་མ་འདས་སོ།།
 ༣༣
   སོ་སྐྱེས་ཡོད་དོ་ཅོག་ཉོན་མོངས་ཀྱི་གཞན་དབང་དུ་གྱུར་ཡོད་པས།  ནམ་ཡང་རང་ཉིད་མ་གཏོགས་གཞན་གྱི་དགེ་མཚན་མཐོང་དཀའ་ལ། ཁོག་ཡངས་དང་དཀྱེལ་ཡངས་ཟེར་བའང་མཐར་གཏུགས་ན་ཐ་སྙད་སྙིང་རྗེ་བོ་ཁག་ཅིག་གི་གོ་ས་ལས་བརྒལ་ཐུབ་མེད། ཕྲག་དོག་ཟེར་བའང་སྟབས་བདེ་བོར་བརྗོད་ན་ཕྲག་ཞེང་དོག་ཅིང་ཁོག་རྒྱ་ཆུང་བའི་དོན་མ་ཡིན་ནམ། མཚམས་རེར་བཟོད་སྒོམ་ཐུབ་པ་ལས་ལྷག་པའི་རྒྱལ་ཁ་ཞིག་མེད་དེ། དེས་གཞན་གྱི་བྱ་སྤྱོད་མ་རུང་བ་མང་བོ་ནུས་མེད་དུ་གཏོང་ཐུབ་ཅིང་རང་ཉིད་ལ་ཡང་གནོད་པས་མི་ཚུགས་པའི་ཐབས་མཆོག་ཅིག་སྩོལ་འོང་བས་སོ།།
 ༣༤
    སྔོན་ལས་བྱེད་པ་ཚོས་རྒྱ་སྐད་རྒྱ་ཡིག་མི་ཤེས་པའི་ཞིང་འབྲོག་མང་ཚོགས་ལ་མཐོང་ཆུང་དང་ཟུར་ཟ་བྱས་པ་ཇི་བཞིན། ད་ནི་ཞིང་འབྲོག་མང་ཚོགས་ཀྱིས་བོད་སྐད་བོད་ཡིག་མི་ཤེས་པའི་བོད་པ་དག་ལ་ཟུར་ཟ་དང་འཕྱ་སྨོད་བྱེད་པའི་དུས་ཚོད་ཅིག་ལ་སླེབས་ཡོད།
 ༣༥
    དེང་གི་སྐྱེ་བོ་སྙིང་ཁམས་ཆེ་བ་རེ་འགས། བླ་མ་ལ་ལ་བླ་མའི་གྲལ་དུ་མི་འཇོག་པར། དེ་ལས་ཐོབ་པའི་དབང་དག་དབང་གྲངས་སུ་བརྩི་བ་དེ་ལས་འཇིགས་སུ་རུང་བ་ཞིག་མེད་དོ།།
 ༣༦
    བྱང་ཆུབ་སེམས་དཔའི་བྱ་བ་ནི་གཉིས་སུ་ཟད་དེ།རང་གི་རྒྱུད་དང་གཞན་གྱི་རྒྱུད་སྨིན་པར་བྱེད་པའོ།།
 ༣༧
    ང་ཚོ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་མ་འཕྲད་པ་མ་རེད། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ལ་འཕྲད་ཀྱང་ངོས་མ་ཟིན་པ་རེད།
 ༣༨
    དད་དུང་དང་མཛའ་བ་སེམས་ལ་ཡོད་ན་དུས་ནམ་ཡིན་ཡང་གླེང་མོལ་བྱེད་པའི་ཁོམ་པ་ཡོད་ལ། དུང་བ་སྙིང་དུ་མེད་ཚེ་དུས་ཚོད་སྐར་མ་གཅིག་ཙམ་གྱི་ཁ་བརྡ་ཡང་རིང་སྙམ་སྐྱེ་ངེས། གཙོ་བོ་ཅི་བཤད་ལ་མ་ཉན་ཅི་སྒྲུབ་ལ་ལྟོས།
 ༣༩
    ཁ་ཕྱོགས་བརྟན་ཞིང་དམིགས་འདུན་ཟབ་པའི་མི་ལ་གཉིད་རྒྱུ་མེད། རྒྱལ་ཁར་མི་རེ་ཞིང་འགྲན་རྩོད་བྱེད་མི་འདོད་པའི་མི་ལ་སད་རྒྱུ་མེད། 
 ༤༠

   རང་ཉིད་གཅིག་བུ་གནམ་དུ་འཕུར་བ་ལས། མི་ཁྲི་སྟོང་ལ་སྣེ་ཁྲིད་བྱས་ཏེ་འགྲོ་རུ་བཅུག་ན་ལེགས།

མུ་འགོད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-04-19 ལྟ་ཀློག (1449)