སྨུག་སྤྲིན་ཁྲོད་ཀྱི་སེམས་ཁམས།


སྨུག་སྤྲིན་ཁྲོད་ཀྱི་སེམས་ཁམས།


ལྡོང་ཡོན་ཏན་རྒྱ་མཚོ། 

མི་ལ་ཁྲེལ་གཞུང་མི་འདུག  །
རྒྱུ་ལ་རྟག་པ་མི་འདུག །
སྒྱུ་མའི་གྲོང་ཚོ་འདི་ན།།
བློ་གཏད་བྱེད་ཡུལ་མི་འདུག །

ན་གཞོན་འདབ་དྲུག་མེ་ཏོག །
རྒས་པའི་སད་ཀྱིས་བཅོམ་སོང་།།
ཕྱིན་དྲུག་ཉམས་ལེན་མེད་ན།།
བཅོས་མའི་ལང་ཚོས་མི་ཕན།།

བློ་སྤོབས་རྒོད་ལ་ཤོར་བས།།
འཕྲོ་བརླག་བྱས་པ་མང་སོང་།།
ལག་སྟོང་མཆན་ལ་བཙུར་ཚེ།།
འགྱོད་པ་བྱས་ཀྱང་མི་ཕན།།

གྲོགས་དང་ན་ཟླ་ཁོང་ཚོ།།
གང་དང་གང་ལ་ཕེབས་སོང་།།
ན་རྒས་བན་གཟུགས་བདག་ཀྱང་།།
ཡུན་རིང་སྡོད་ལོང་མེད་འགྲོ།   །

སྙིང་ཁམས་ལྕགས་ལས་མ་གྲུབ།།
འཕར་ལྡིང་ཚོར་བས་གྲུབ་པས།།
དྭངས་འཐིབ་དགའ་སྐྱོ་མང་བ།།
སོ་སྐྱེས་གཤིས་སུ་འཛིན་རོགས།།

ཕར་ལ་བྱམས་བརྩེ་བྱིན་ཀྱང་།།
ཚུར་ལ་སྡང་མིག་བགྲད་འོང་།།
འཁོར་བའི་རང་གཤིས་ཟེར་བ།།
ཆ་ཙམ་མཐོང་བ་འདྲ་འོ།།

ལྷག་བསམ་འོ་མའི་མཚོ་ལས།།
གཞན་དོན་བསྒྲུབ་ན་འདོད་ཀྱང་།།
ཟག་བཅས་ལུས་རྟེན་འདི་ཡིས།།
བཀའ་དགོངས་གནང་ས་མ་རེད།།

དབེན་རིའི་བསམ་གཏན་ཁང་བཟང་།།
སྐྱིད་པོ་མེད་པ་མིན་ཡང་།།
འདུ་སྣང་ལྕགས་ཀྱུ་རྣོན་པོས།།
ང་ལ་རང་དབང་མ་བྱིན།།

དར་རྒུད་བདེ་སྡུག་མི་གླེང་།།
སེམས་པ་སྐྱོ་བའི་རྒྱུ་རེད།།
ཨ་མ་རྗེ་བཙུན་སྒྲོལ་མ།།
མགོན་དུ་བཞུགས་པས་དགའ་ཡོད།།

ད་ནངས་མཐོང་བའི་སྤྲིན་པ།།
ད་ལྟ་གར་ཕེབས་མི་ཤེས།།
འདུ་འབྲལ་ཟློས་གར་རིང་མོ།།
རྫོགས་པའི་དུས་ཤིག་ཡོད་དམ།།

སེམས་པ་སྐྱོ་དང་མི་སྐྱོ།།
ཁྲ་ཆུང་མིག་ལ་མ་འདྲི།།
ཡི་གེའི་རིས་ལ་གཟིགས་དང་།།
གསལ་དག་ཚང་གསུམ་གནང་འོང་།།

གསོལ་བ་ང་ཡིས་བཏབ་ཡོད།།
བྱིན་རླབས་ཁྱོད་ཀྱིས་གནང་ཤོག།
འཁོར་བ་སྡུག་གི་ཀློང་ནས། 
སྐྱོབ་པའི་དངོས་གྲུབ་སྩོལ་མཛོད།།

ཁོ་ཐག་ཆད་འདུག་མ་གསུངས།།
ཁེར་རྐྱང་སུན་འདུག་མ་གསུངས།།
དམའ་མོའི་གཞས་ཤིག་འཐེན་པར།།
དོ་ཁུར་གནང་རིན་མི་འདུག   །

          ༢༠༢༣-༣-༢༢

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-03-22 ལྟ་ཀློག (2446)